སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་ལྔ་པའི་གནས་ཚུལ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༩ པའི་ཚེས་ ༡༠ ནས་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༩ ཚེས་ ༡༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་ལྔ་པ་དབུ་འཛུགས་གནང་བ་དང་། སྔ་དྲོ་ཆུ་ཚོད་ ༡༡།༡༥ ཚོགས་ཐུན་གཉིས་པ་ནས་བཟུང་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཚོགས་འདུ་གཙོ་སྐྱོང་ཐོག་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་ལྔ་པ་ཚོགས་གནང་སོང་།

དེ་ཡང་སྔ་དྲོ་ཐོག་མར། བོད་རྒྱའི་དཀའ་རྙོག་སེལ་ཐབས་ཆེད་བོད་རྒྱ་འབྲེལ་མོལ་དང་འབྲེལ་བའི་ཐོག་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་གིས་སྐར་རྟགས་ཅན་གྱི་དྲི་བ་བཏོན་པར། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་བའི་ནང་། ད་ལྟའི་ཆར་རྒྱ་ནག་གི་འགོ་འཁྲིད་ཚོས་བོད་ཐོག་མཁྲེགས་འཛིན་གྱི་སྲིད་བྱུས་འཛིན་སྟངས་ལ་བལྟས་ན་རེ་བ་དེ་ཙམ་མ་མཐོང་ནའང་། སྒོ་རྒྱབ་ཀྱི་འབྲེལ་བ་འཇོག་བཞིན་ཡོད་པའི་སྐོར་དང་། རྒྱལ་སྤྱིའི་སྟེང་ཆབ་སྲིད་འཕོ་འགྱུར་དང་འབྲེལ་བོད་མིའི་སྒྲིག་འཛུགས་ངོས་ནས་བོད་རྒྱ་འབྲེལ་མོལ་དེ་ལ་འགྱུར་བཅོས་ཤིག་དགོས་པར་གཟིགས་ཀྱི་ཡོད་མེད་སྐོར་གྱི་དྲི་བའི་ལན་དུ། སྐབས་དུས་སོ་སོའི་གནས་སྟངས་ལ་བསྟུན་ནས་ཐབས་བྱུས་འགྱུར་བ་གཏོང་དགོས་པ་ཡོང་སྲིད་པ་བཅས་གསལ་བཤད་གནང་རྗེས། སྤྱི་འཐུས་རྣམ་པས་འཕྲོས་དོན་དྲི་བ་གནང་བ་ཁག་ལ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།

དེ་རྗེས་ལས་རིམ་སྔོན་མའི་འཕྲོས། སྤྱི་འཐུས་རྒྱུན་ལས་ཀྱིས་ཤེས་རིག་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་གིས་སྙན་སྒྲོན་དང་། སྤྱི་འཐུས་བློ་བཟང་ཐུབ་བསྟན་མཆོག་གིས་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་སྙན་ཐོ་སྙན་སྒྲོན་ཟིན་པ་རྣམས་ལ་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བ་དང་། དེར་སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་གིས་རྒྱབ་སྐྱོར་གནང་སྟེ། ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༤་་་༢༥ ལོའི་ལོ་འཁོར་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་ཞིང་།

དེའི་སྐབས་སྤྱི་འཐུས་རྣམ་པས། ཤེས་རིག་ལས་ཁུངས་ཀྱི་ལས་དོན་གནང་ཕྱོགས་དང་། ལྷག་པར་དུ་རྒྱ་གར་ནང་རྟེན་གཞི་བྱས་པའི་བོད་མིའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་གཟེངས་སུ་ཐོན་པར་སློབ་གྲྭ་ཁག་གི་དགེ་ལས་དང་། སློབ་ཕྲུག་རྣམ་པར་བསྔགས་བརྗོད་དང་། སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་འཕྲལ་སེལ་དགེ་རྒན་རྣམས་གཏན་འཇགས་དགེ་རྒན་བཟོ་ཐབས། དགོན་སྡེ་ཁག་གི་ནང་བོད་ཡིག་སློབ་དེབ་གང་མང་འགྲེམས་སྤེལ་གནང་ཐུབ་ཐབས། ཤེས་རབ་དགའ་ཚལ་སློབ་གླིང་གི་ད་ལྟའི་གནས་བབ། ཐ་སྙད་གཏན་འབེབས་བེད་སྤྱོད་གཏོང་ཕྱོགས། བོད་ཀྱི་སྐད་ཡིག་དང་རིག་གཞུང་ཐོག་སྔར་ལྷག་ཤུགས་སྣོན་བསྐྱོན་དགོས་པ། སློབ་གྲྭའི་ནང་དེང་དུས་དང་འཚམས་པའི་སློབ་འཁྲིད་ཐབས་ལམ་གསར་པ་ལག་བསྟར་གནང་ཡོད་མེད་སྐོར། དགེ་རྒན་རྣམ་པར་མཐུན་འགྱུར་ཡག་པོ་སྦྱར་རྒྱུ་གལ་ཆེན་པོ་ཡིན་པ། ཕྱི་རྒྱལ་གཟའ་མཇུག་སློབ་གྲྭའི་ནང་བོད་ཀྱི་སྐད་ཡིག་ཚད་དང་ལྡན་པ་བསླབ་ཐུབ་དགོས་པ། རྒྱ་གཞུང་གིས་བོད་ནང་བོད་མི་རིགས་རྩ་མེད་གཏོང་རྒྱུའི་ཆེད་བཙུགས་པའི་བཅའ་སྡོད་སློབ་གྲྭའི་ཉེན་ཚབས། སཱི་ཤེས་ཡོན་སློབ་གསོའི་གྲུབ་འབྲས། ཤྲི་ན་གྷར་ནང་ཡོད་པའི་བོད་པ་ཁ་ཆེའི་སློབ་ཕྲུག་རྣམས་ལ་བཞུགས་སྒར་རྡ་རམ་ས་ལའི་ཁུལ་ལ་ཤེས་ཡོན་སྐོར་སྐྱོད་ཀྱི་ལས་གཞི་གོ་སྒྲིག་ཞུས་ཡོད་མེད། ཤེས་ཡོན་སྲིད་བྱུས་བསྐྱར་ཞིབ་སོགས་དང་འབྲེལ་བའི་ཐོག་དགོངས་ཚུལ་དང་། དོགས་འདྲི་གནང་བ་ཁག་ལ་དཔལ་ལྡན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ལན་འདེབས་གསལ་བཤད་ཞིབ་ཕྲ་གནང་རྗེས། ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༤་་་༢༥ ལོའི་ལོ་འཁོར་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་མཇུག་བསྒྲིལ་གནང་སོང་།

དེ་རྗེས། དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༤་་་༢༥ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་དང་།

སྤྱི་འཐུས་རྒྱུན་ལས་ཀྱིས་བདེ་སྲུང་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་བློ་བཟང་ཐུབ་བསྟན་མཆོག་གིས་སྙན་སྒྲོན་བཅས་གནང་རྗེས། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་གིས་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་སྙན་ཐོ་སྙན་སྒྲོན་ཟིན་པ་རྣམས་ལ་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བ་དང་། དེར་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་གིས་རྒྱབ་སྐྱོར་གནང་སྟེ། བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་འགོ་འཛུགས་ཡོད་པ་བཅས།