
༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༩ པའི་ཚེས་ ༡༠ ནས་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༩ ཚེས་ ༡༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་གསུམ་པ་ཚོགས་གནང་སོང་།

དེ་ཡང་སྔ་དྲོ་ཐོག་མར། ཕྱི་དྲིལ་ཁྱབ་ཁོངས་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་རུ་ཁག་དང་འབྲེལ་བའི་ཐོག་སྤྱི་འཐུས་དངོས་གྲུབ་རྡོ་རྗེ་མཆོག་གིས་སྐར་རྟགས་ཅན་གྱི་དྲི་བ་བཏོན་པར།

དཔལ་ལྡན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ལན་འདེབས་གསལ་བཤད་གནང་བའི་ནང་། ད་བར་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་རུ་ཁག་རྒྱལ་ཁབ་ ༡༩ ནང་ཚོགས་མི་གྲངས་ ༨༠༠ ཙམ་ཡོད་པ་དང་། རུ་ཁག་སོ་སོས་ཆབ་སྲིད་མི་སྣ་ཇི་ཙམ་མཇལ་འཕྲད་གནང་བའི་སྐོར། རྒྱལ་ཁབ་ ༡༩ ཕུད་གཞན་རྒྱལ་ཁབ་ནང་གསར་འཛུགས་ཐུབ་མེད་པའི་རྒྱུ་མཚན་གསལ་བཤད། རུ་ཁག་སྤྱི་ལ་ཁྱབ་པའི་ལམ་སྟོན་ཡིག་ཆ་ལས་ཁུངས་དབུས་མ་ནས་དུས་ནས་དུས་སུ་དགོས་ངེས་བསྐྱར་བཅོས་ཀྱིས་སྐུ་ཚབ་དོན་ཁང་སོ་སོར་ཁུངས་འབུལ་ཞུ་བཞིན་ཡོད་པ། དང་བླངས་བོད་དོན་ཞུ་གཏུག་གི་ཚོགས་མི་རྣམས་བོད་དོན་འཐབ་རྩོད་པ་ཡིན་སྐོར་གསལ་བཤད་གནང་རྗེས། སྤྱི་འཐུས་རྣམ་པས་འཕྲོས་དོན་དྲི་བ་གནང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་སོང་།

དེ་རྗེས་ལས་རིམ་སྔོན་མའི་འཕྲོས་མུ་མཐུད། ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༤་་་༢༥ ལོའི་ལོ་འཁོར་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་ཞིང་། སྐབས་དེར་སྤྱི་འཐུས་རྣམ་པས་བོད་མིའི་སྒྲིག་འཛུགས་ཀྱི་རྗེས་འབྱོར་བའི་སྡོད་ཁང་གསར་རྒྱག་ལས་གཞི་དང་། ཉམ་ཐག་བསྐྱར་ཞིབ་ལས་དོན་བཅས་ལ་བསྔགས་བརྗོད་དང་། མོན་གྷོ་འདོད་རྒུ་གླིང་དང་། རྡ་རམ་ས་ལའི་རྒས་གསོ་ཁང་གཉིས་ཀྱི་མཐུན་རྐྱེན་ཚགས་ཚུད་གཏོང་ཐབས། བལ་ཡུལ་གནས་སྡོད་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་ཐབས། ཀུ་ལུ་མ་ན་ལི་བོད་མིའི་གཞིས་ཆགས་སུ་ཆར་ཞོད་ཀྱི་གོད་ཆག་བྱུང་བར་མཐུན་འགྱུར་གང་ཐུབ་སྦྱར་ཐབས། དགེ་འཕེལ་གླིང་གཞིས་ཆགས་ཀྱི་ས་ཆའི་དཀའ་ངལ། མཉམ་འབྲེལ་དང་ས་གནས་འགོ་འཛིན་དབར་གྱི་འབྲེལ་ལམ་གོང་མཐོར་གཏོང་ཐབས་སོགས་དང་འབྲེལ་བའི་ཐོག་དགོངས་ཚུལ་དང་། དོགས་འདྲི་གནང་བ་ཁག་ལ་དཔལ་ལྡན་སྲིད་སྐྱོང་དང་། ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་ཞིབ་ཕྲ་གནང་རྗེས། ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༤་་་༢༥ ལོའི་ལོ་འཁོར་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་མཇུག་བསྒྲིལ་གནང་སོང་།

དེ་རྗེས་དཔལ་ལྡན་སྲིད་སྐྱོང་དང་། དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་དཔལ་འབྱོར་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༤་་་༢༥ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་གིས་སྙན་སྒྲོན་བཅས་གནང་རྗེས།

སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་གིས་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་སྙན་ཐོ་སྙན་སྒྲོན་ཟིན་པ་རྣམས་ལ་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བ་དང་། དེར་སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་མཆོག་གིས་རྒྱབ་སྐྱོར་གནང་སྟེ། དཔལ་འབྱོར་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་འགོ་འཛུགས་ཡོད།

གཞན་ཡང་དེ་རིང་སྔ་དྲོ་རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི་དབུ་ཁྲིད་རྒན་གྲས་སྐུ་ཞབས་ཨིན་དི་རེ་ཤི་ཀུ་མར་ (Shri Indresh Kumar, Senior RSS leader) ལགས་དང་། རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི་དབུ་ཁྲིད་དང་། བྷི་ཇེ་པི་སྲིད་དོན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་སྐུ་ཞབས་རཱམ་ལཱལ་ (Shri Dr. Ramlal, RSS leader and former General Secretary of the Bharatiya Janata Party) ལགས། ཧི་མ་ཅཱལ་མངའ་སྡེའི་རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི་ཚོགས་མི་སྐུ་ཞབས་ཨོམ་ པ་རཀ་སེ་ (Om Prakas, RSS Pracharat Kangra Himachal Pradesh) ལགས། སྐུ་ཞབས་ཨིན་དི་རེ་ཤི་ཀུ་མར་ལགས་ཀྱི་སྒེར་དྲུང་དྷི་པཀ་ ཀུ་མར་ (Deepak Kumar, PA to Shri Indresh Kumar) ལགས་བཅས་གྲོས་ཚོགས་ཀྱི་ཟུར་ཉན་ཕེབས་པར། གྲོས་ཚོགས་ནས་དགའ་བསུ་ཞུས་གནང་ཡོད་པ་བཅས།
