སྐབས་ ༡༥ པའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་མཇུག་བསྡོམས་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༡༠ ནས་ ༡༥ བར་བོན་གྱི་གདན་ས་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དུ་སྐབས་ ༡༥ པའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཚོགས་ཡོད་ཅིང་། ཕྱི་ཚེས་ ༡༥ ཉིན་ཚོགས་ཆེན་གྱི་མཇུག་བསྡོམས་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག གཞན་སྐུ་མགྲོན་དུ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག བོན་གཞིས་ས་གནས་འགོ་འཛིན་བཅས་ཆེད་ཕེབས་གནང་འདུག

སྐབས་དེར་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། རྣམ་པ་ཚོ་ས་ཐག་རིང་པོ་ནས་འདིར་ཕེབས་ཏེ་ཉིན་ལྔའི་རིང་བོད་ཀྱི་རིག་གཞུང་དང་། དེང་གི་བོད་ཀྱི་སྤྱི་ཚོགས་དང་འབྲེལ་བའི་ཐོག་བགྲོ་གླེང་དང་། གྲོས་ཆོད་བཅས་བཞག་འདུག་པར་ཐོག་མར་བསྔགས་བརྗོད་ཞུ་རྒྱུ་དང་། གོང་དུ་ཞུས་པ་གཞིར་བཟུང་གྲོས་ཆོད་གྲོས་གཞི་གང་བྱུང་བ་ཡིན་ནའང་དེ་དག་ཚང་མ་ང་ཚོའི་སྤྱི་ཚོགས་དང་ཐད་ཀར་འབྲེལ་བ་ཆགས་བསྡད་པ་ཡིན་དུས། རྣམ་པ་ཚོས་མཇུག་སྐྱོང་ཚགས་ཚུད་ཡོང་རྒྱུའི་ཐོག་འགན་ཁུར་བཞེས་དགོས་པ་དེ་ཧ་ཅག་གི་གལ་ཆེན་པོ་རེད་ཅེས་དེ་གཅིག་ཞུ་རྒྱུ་ཡིན།

དེ་རིང་ཚོགས་ཆེན་ཐེངས་ ༡༥ པ་ཚོགས་ཡུལ་དེ་དམིགས་བསལ་འདྲ་པོ་ཞིག་ཆགས་བསྡད་ཡོད་རེད། བོན་གྱི་སྨན་རིའི་གླིང་ལ་རེད། བོན་པོ་ཟེར་བ་དེ་བོད་ཀྱི་རིག་གཞུང་གི་ངོ་བོ་མཚོན་ཐུབ་པ་གལ་ཆེན་པོ་ཞིག་ཆགས་བསྡད་ཡོད་རེད། དེ་ཡིན་དུས་སྨན་རིའི་ཁྲིི་འཛིན་གོང་མ་རེད། དེ་བཞིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་རིན་པོ་ཆེ་རེད། ཁོང་རྣམ་པས་དུས་ཚོད་ཉག་ཕྲ་བའི་སྐབས་སུ་བོན་གྱི་མདོ་སྔགས་སེམས་གསུམ་སླར་གསོའི་ཐོག་ལ་དམིགས་བསལ་གྱི་ནུས་པ་འབུར་དུ་བཏོན་ནས་དེང་སང་བོད་ཕྱི་ནང་གཉིས་དང་། རྒྱལ་སྤྱིའི་ཐོག་ལ་ངོས་འཛིན་གསལ་པོ་ཡོང་བསྡད་པ་ཞིག་ཆགས་ཀྱི་ཡོད་རེད། རྣམ་པ་ཚོས་ཉིན་མ་ལྔའི་རིང་ལ་དམིགས་བསལ་བོན་གྱི་དགོན་སྡེའི་ཐོག་ལ་ཐུགས་རྒྱུད་ཟེར་ན་འདྲ། གང་ལ་གང་འཚམས་རྟོགས་ཐུབ་ཡོད་རེད། དེ་ཚོའི་ཐོག་ནས་ཕན་ཚུན་བློ་ཉེ་པོ་ཡོང་རྒྱུར་ཐུགས་ཕན་ཆེན་པོ་གསོས་ཡོད་རེད་བསམ་གྱི་འདུག དཔེར་ན། སྔོན་མ་སྤྱི་འཐུས་ལྷན་ཚོགས་ཀྱི་ཆོས་བརྒྱུད་སྤྱི་འཐུས་རྣམ་པས་འཛིན་རིམ་བཅུ་པ་རྣམས་ལ་ཟབ་སྦྱོང་གནང་རྒྱུའི་ལས་རིམ་དེ་འདྲ་ཡོད་རེད། ཆོས་བརྒྱུད་སྤྱི་འཐུས་རྣམ་པས་སོ་སོའི་ཆོས་བརྒྱུད་ཀྱི་འབྱུང་རིམ་སོགས་ཀྱི་ཐོག་ལ་ཟབ་སྦྱོང་གནང་གི་ཡོད་ཅིང་། དེའི་སྐབས་སློབ་ཕྲུག་ཚོས་དྲི་བ་དྲིས་ལན་གྱི་ལས་རིམ་བརྒྱུད་ནས་གནས་ཚུལ་མང་པོའི་ཐོག་ལ་རྒྱུས་ལོན་དང་དོ་སྣང་གསར་པ་སླེབས་ཐུབ་ཀྱི་འདུག དེ་ལྟར་གནས་ཚུལ་རྟོགས་པ་ཡིན་ན། དེ་ལ་གུས་ཞབས་ཞུ་ཐུབ་པ་དང་། ཤེས་ཡོན་གྱི་གནས་ཚད་ཐོག་ནས་སོ་སོའི་གོ་རྟོགས་རྒྱ་ཆེ་རུ་འགྲོ་ཐུབ་ཀྱི་འདུག རྣམ་པ་ཚོ་སློབ་ཕྲུག་སྐྱ་སེར་དབྱེར་མེད་ཀྱིས་ས་གནས་མང་པོ་ཞིག་ནས་འདིར་འདུ་འཛོམས་གནང་སྟེ། བོད་ཀྱི་རིག་གཞུང་དང་། ཆོས་བརྒྱུད་སོགས་ཀྱི་ཐོག་ཐུགས་རྒྱུད་ཆེན་པོ་བྱུང་བར་ངོས་འཛིན་ཞུ་ཡི་ཡོད།

སྤྱིར་རིག་གཞུང་ཟེར་དུས། དམངས་ཁྲོད་ནས་དར་བའི་རིག་གཞུང་ཞིག་དང་། དེ་མ་ཡིན་པར། མིའི་རྣམ་དཔྱོད་ཀྱི་ཐོག་ནས་སྲོལ་གཏོད་པའི་རིག་གཞུང་ཞིག་བཅས་གཉིས་འདྲ་པོ་ཡོང་གི་འདུག ཆོས་འདྲ་པོ་ཡིན་ན། མིའི་སོ་སོའི་རྣམ་དཔྱོད་དང་ཉམས་མྱོང་འདྲ་པོའི་ཐོག་ནས་སྲོལ་གཏོད་པ་ལྟ་བུ་དང་། དེ་མ་ཡིན་པར་རིགས་གཅིག་དེ་དམངས་ཁྲོད་ནས་དར་བའི་རིགས་གཅིག་ཡོད་རེད། རིག་གཞུང་དེས་ཐུན་མོང་ཐོག་ནས་སྤྱི་ཚོགས་ལ་ཕན་ཐོགས་ཐུབ་པ། ཐུན་མོང་གི་ཤེས་བྱ་འདྲ་པོ་ཞིག་ཡོང་གི་འདུག ལྷ་མོའི་འཁྲབ་གཞུང་ལྟ་བུ་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་ལྕགས་ཟམ་འཛུགས་རྒྱུའི་ཆེད་མཐུན་འགྱུར་ཡོང་ཆེད་ཨ་ཅེ་ལྷ་མོའི་འཁྲབ་སྟོན་ཐོག་ནས་དམངས་ཁྲོད་ནས་དར་བའི་རིག་གཞུང་གི་ངོ་བོ་འདྲ་པོ་ཞིག་ཆགས་ཀྱི་ཡོད་རེད། བོད་ཀྱི་སྲོལ་རྒྱུན་གྱི་རིག་གཞུང་ཟེར་ན། རིག་གནས་ཆེ་བ་ལྔ་དང་། ཆུང་བ་ལྔ་ཞེས་བཅུ་ཕྲག་རིག་པའི་གནས་ཞེས་ཟེར་སྲོལ་ཡོད་པ་དང་། དེ་དག་བཙན་བྱོལ་ནང་གང་ལ་གང་འཚམས་མི་ཉམས་རྒྱུན་འཛིན་བྱེད་ཐུབ་པ་དེ་གཙོ་བོ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་དང་། མི་རབས་རྒན་པ་རྣམ་པས་ཐུགས་ཁུར་གནང་བའི་བཀའ་དྲིན་ལས་ད་ལྟ་ཡིན་ནའང་རིག་གཞུང་དེ་དག་ལ་ལོངས་སུ་སྤྱོད་ཐུབ་པའི་གནས་སྟངས་ཞིག་ཆགས་བསྡད་ཡོད་རེད། དེ་མ་ཡིན་པར། དེང་སང་གི་ཚན་རིག་དང་འབྲེལ་བའི་རིག་གཞུང་གསར་པ་མང་པོ་ཞིག་སླེབས་ཡོང་གི་ཡོད་རེད། དེ་ཚོའི་ཐོག་ལ་ང་ཚོས་ནུས་པ་འབུར་དུ་འདོན་ཐུབ་རྒྱུའི་ཕྱག་ལས་གང་གནང་ཐུབ་པ་འདུག་གམ། དེ་ཡང་བོད་ཀྱི་སྤྱི་ཚོགས་ལ་ཕན་ཐོགས་ཐུབ་རྒྱུར་རྣམ་པ་ཚོས་ཞབས་འདེགས་ཞུ་རྒྱུའི་ཕྱག་ལས་གང་གནང་ཐུབ་རྒྱུའི་ཐོག་དགོངས་པ་བཞེས་རྒྱུ་ཡོད་རེད་བསམ་གྱི་འདུག དེ་ཚོའི་ཐོག་ནས་མ་འོངས་པར་ང་ཚོའི་སྤྱི་ཚོགས་དེ་འདབ་གཤོག་གཉིས་ལྡན་ཡོང་ཐུབ་རྒྱུར་ཤུགས་རྒྱག་དགོས་པ་དེ་གལ་ཆེན་པོ་རེད་འདུག དེང་སང་དུས་ཚོད་ལ་སྐད་ཡིག་མང་པོ་ཤེས་རྒྱུ་ཙམ་གལ་ཆེན་པོ་མ་ཡིན་པར། རིགས་གཅིག་རྐང་འཛིན་ཐོག་ལ་ཤུགས་རྒྱག་དགོས་རྒྱུ་གནད་འགག་ཆགས་ཀྱི་ཡོད་རེད།

དེ་བཞིན་ནང་ཆོས་ཐོག་ལ་ཞུས་པ་ཡིན་ན། ༸གོང་ས་མཆོག་གིས་དུས་རྒྱུན་གསུང་པ་གཞིར་བཟུང་། ནང་ཆོས་ཟེར་ན་ཆོས་ལུགས་གཅིག་པུ་མ་ཡིན་པར། ནང་ཆོས་ནང་ལོགས་ལ་ཚན་རིག་དང་འབྲེལ་བ་ཡོད་མཁན། ལྟ་གྲུབ་དང་འབྲེལ་བ་ཡོད་མཁན། ནང་ཆོས་ཞེས་སྡེ་ཚན་འདྲ་པོ་གསུམ་ལ་ཕྱེ་ནས། སེམས་ཁམས་རིག་པ་དང་འབྲེལ་བའི་ཐོག་དེང་སང་དུས་ཚོད་ལ་ནང་ཆོས་ཀྱིས་མིའི་སྤྱི་ཚོགས་ནང་དམིགས་བསལ་གྱི་ཕན་ཐོགས་ཐུབ་ཀྱི་ཡོད། ཉོན་མོངས་དུག་གསུམ་འདྲ་པོ་མངོན་འགྱུར་ཆགས་ཡོང་དུས། རང་མི་སྐྱིད་པ། རོགས་མི་སྐྱིད་པ། གཞན་དང་སྤྱི་ཚོགས་ཁྱོན་ཡོངས་ལ་མ་བདེ་བ་ཆགས་ཡོང་བསྡད་ཀྱི་འདུག དེ་རྩ་བ་ནས་མེད་པར་བཟོ་རྒྱུར་བྱམས་པ་དང་། བརྩེ་བ་ཙམ་གྱི་མ་འགྲིག་པར། སྟོང་ཉིད་རྟོགས་པའི་བློ་དགོས་ཀྱི་ཡོད་རེད། ༸གོང་ས་མཆོག་གིས་ནང་ཆོས་ནི་འཛམ་གླིང་གི་གཅེས་ནོར་རེད་ཅེས་གསུང་བཞིན་ཡོད་པ་ལྟར། རྣམ་པ་ཚོ་ཚང་མས་ནང་ཆོས་ཀྱི་ཐོག་ལའང་ཐུགས་སྣང་གནང་དགོས་པ་གལ་ཆེན་པོ་ཆགས་ཀྱི་ཡོད་རེད།

ང་རང་ཚོའི་རང་དབང་ཤོར་ནས་བཙན་བྱོལ་གྱི་གནས་སྟངས་ཤིག་ཆགས་བསྡད་ཡོད་དུས། ཆབ་སྲིད་ཀྱི་ཐོག་ལའང་ཐུགས་སྣང་དང་། འགན་ཁུར་འཕར་མ་བཞེས་དགོས་པ་གལ་ཆེན་པོ་རེད། ༸གོང་ས་མཆོག་གིས་ཕྱི་ལོ་ ༢༠༠༡ ལོར་ཕྱེད་བགྲེས་ཡོལ་ཡིན་ཞེས་དང་། ༢༠༡༡ ནས་བཟུང་ཆབ་སྲིད་དང་། འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་རྗེས། ད་ལྟ་བར་མང་ཚོགས་ནས་འོས་འདེམས་བྱས་པའི་འགོ་ཁྲིད་ཚོས་འགན་ཁུར་ནས་འགྲོ་བསྡད་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད། རྣམ་པ་ཚོའི་ནང་ནས་མ་འོངས་པར་སྲིད་སྐྱོང་དང་། སྤྱི་འཐུས། གཞུང་ཞབས་སོགས་བསླེབ་སྲིད་ཀྱི་རེད། དེ་ཡིན་དུས་དེ་ཚོའི་ཐོག་ལ་ད་ལྟ་ནས་དོ་སྣང་གནང་ནས་མ་འོངས་པར་གོ་སྐབས་ལེན་དགོས་པ་གལ་ཆེན་པོ་རེད། ཆབ་སྲིད་ཀྱི་རང་དབང་འཐབ་རྩོད་ཐོག་ལ་མི་སྒེར་གཅིག་གི་བསམ་བློའི་སྙིང་སྟོབས་ཀྱི་ཐོག་ནས་བསྒྱུར་བ་བཏང་ཐུབ་པ་མང་པོ་བྱུང་ཡོད་རེད། དཔེར་ན། རྒྱ་གར་ལྟ་བུ་ཡིན་ན། བདག་ཉིད་ཆེན་པོ་གྷན་དྷི་ལྟ་བུ་མི་གཅིག་གི་སྙིང་སྟོབས་ཀྱི་ཐོག་ནས་རྒྱལ་ཁབ་ཁྱོན་ཡོངས་ལ་རང་དབང་ཐོབ་ཐུབ་པའི་ནུས་པ་བྱུང་ཡོད་རེད། དེ་འདྲ་བ་མང་པོ་བྱུང་ཡོད་རེད།

བོད་ནང་རྒྱ་ནག་དམར་གཞུང་གིས་འཆར་གཞི་དང་ལྡན་པའི་ཐོག་ནས་བོད་ཀྱི་ཆོས་དང་། ཪིག་གཞུང་། གོམས་གཤིས་རྩ་མེད་བཟོ་ཐབས་དང་། བོད་ཀྱི་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་རྒྱུའི་སྲིད་བྱུས་ཟིན་ཏེ། བོད་ཀྱི་སྲོལ་རྒྱུན་གྱི་སྤྲུལ་སྐུ་ཡང་སྲིད་ངོས་འཛིན་གནང་ཕྱོགས་མཚོན་པའི་ནང་ཆོས་སྤྱི་ཡོངས་ཀྱི་ལམ་སྲོལ་རྣམས་རྩ་མེད་བཟོ་བཞིན་པ་དང་། དེ་ལྟར་བོད་པའི་འདུ་ཤེས་མེད་པ་བཟོས་དང་བཟོ་བཞིན་ཡོད་རེད། བཙན་བྱོལ་ནང་༸གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་འོག བོད་མི་ཚང་མས་སོ་སོའི་ཆོས་དང་། རིག་གཞུང་། བོད་མི་ཡིན་པའི་འདུ་ཤེས་གསོན་པོར་གནས་ཐུབ་པ་བྱུང་ཡོད། ད་ལྟ་རྣམ་པ་ཚོས་བོད་ནང་གི་སློབ་ཕྲུག་ཆེད་ཚོགས་འདུའི་ཞབས་སྟེགས་སྟོང་པ་ཞིག་ཕུལ་ཡོད་གསུངས་པ་ལྟར། མ་འོངས་པར་གོ་སྐབས་འདྲ་བྱུང་བ་ཡིན་ན། ཕན་ཚུན་བགྲོ་གླེང་དང་། གོ་བསྡུར་གནང་ཐུབ་དགོས་པ་དང་། བོད་ཀྱི་འདུ་ཤེས་ཟེར་བ་དེ་བརྟན་པོ་གནས་དགོས་པ། བོད་ཀྱི་སྐད་ཡིག་དང་། ཆོས། རིག་གཞུང་བཅས་རྒྱུན་འཛིན་གནང་དགོས་པ་གལ་ཆེན་པོ་རེད་ཅེས་སོགས་གསུངས་གནང་སོང་།

གཞན་ཡང་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྐབས་ ༡༥ པའི་བོད་ཀྱི་མཐོ་རིམ་སློབ་མའི་རྩོམ་ཡིག་འགྲན་བསྡུར་ཨང་ཐོབ་རྣམས་ལ་གཟེངས་རྟགས་ཕུལ་བ་དང་། དེ་བཞིན་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ལ་ཐུགས་རྗེ་ལེགས་གསོལ་གྱི་གཟེངས་རྟགས། སྐབས་ ༡༥ པའི་ཚོགས་བཅར་བ་རྣམས་དང་། ཞིབ་འཇུག་ཚོགས་ཆུང་གི་ཚོགས་མི་རྣམ་པ། དེ་བཞིན་སྤྱི་ཁྱབ་འབྲེལ་མཐུད་པ་དང་། གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དང་ལས་རོགས་བཅས་ལ་ཕྱག་ཁྱེར་ཕུལ་གནང་ཡོད་པ་དང་། གོ་སྒྲིག་ཚོགས་ཆུང་ངོས་ནས་དཔལ་ལྡན་ཚོགས་གཙོ་མཆོག་ལ་ཐུགས་རྗེ་ཆེ་ཞུའི་གཟེངས་རྟགས་ཕུལ་ཡོད་པ་བཅས། །