སུ་ཇཱ་བོད་ཁྱིམ་སློབ་གྲྭར་ཉིན་གྲངས་གཉིས་རིང་ ‘སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་བའི་བོད་མིའི་མང་གཙོ།’ ཞེས་པའི་བརྗོད་གཞིའི་ཐོག་པར་རིགས་འགྲེམས་སྟོན་གནང་བ།

༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་༧སྐུའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་བཞིན་པར་བརྟེན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༡ ནས་ ༢༢ བར་ཉིན་གྲངས་གཉིས་རིང་སྦིར་གཞིས་ཆགས་སུ་རྟེན་གཞི་བྱས་པའི་སུ་ཇཱ་བོད་ཁྱིམ་སློབ་གྲྭར་ “སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་བའི་བཙན་བྱོལ་བོད་མིིའི་མང་གཙོ།” ཞེས་པའི་བརྗོད་གཞིའི་ཐོག་པར་རིགས་འགྲེམས་སྟོན་ཞིག་གནང་ཡོད།


དེ་ཡངཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་ནང་སློབ་གྲྭའི་ངེས་སྟོན་པ་དང་སློབ་སྤྱི་གཅིག་ལྕོགས་ངག་དབང་ཐུབ་བསྟན་ལགས་དང་། དགེ་ཆེ་ཉི་མ་ཚེ་རིང་ལགས། སློབ་གྲྭའི་དགེ་ལས་རྣམ་པ་བཅས་ཚང་འཛོམས་ཐོག་སློབ་གྲྭའི་ངེས་སྟོན་པ་དང་སློབ་སྤྱི་གཅིག་ལྕོགས་ངག་དབང་ཐུབ་བསྟན་ལགས་ཀྱིས་དར་ཚོན་གཅོད་འབྲེགས་དང་། མཆོད་མེ་ཞལ་འབྱེད་ཀྱིས་འགྲེམས་སྟོན་དབུ་འབྱེད་གནང་བ་དང་། དེ་རྗེས་འབྲེལ་ཡོད་ཚོགས་དྲུང་ལས་བྱེད་ནས་སྐུ་མགྲོན་རྣམ་པར་པར་རིགས་འགྲེམས་སྟོན་ངོ་སྤྲོད་གནང་གྲུབ་མཚམས་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་ཏེ། འགྲེམས་སྟོན་དངོས་སུ་འགོ་འཛུགས་གནང་ཡོད་པ་རེད།


ཕྱི་ཚེས་ ༢༡ ནས་ ༢༢ བར་ཉིན་གྲངས་གཉིས་རིང་སློབ་གྲྭའི་འཛིན་རིམ་གསུམ་པ་ནས་བཅུ་པ་བར་འཛིན་གྲྭའི་ཚོགས་ཐེངས་ཀྱི་དུས་ཚོད་ཆ་བགོས་ཀྱིས་བང་རིམ་གཞིར་བཟུང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་བའི་བཙན་བྱོལ་བོད་མིིའི་མང་གཙོ། “Democracy: A gift of His Holiness the Dalai Lama to the Tibetan People ” ཞེས་པའི་བརྙན་ཐུང་གཟིགས་འབུལ་དང་། འགྲེམས་སྟོན་པར་རིགས་ཁག་རེ་རེ་བཞིན་ངོ་སྤྲོད་གནང་ཡོད་ཅིང་། སྐབས་དེར་སློབ་གྲྭའི་སློབ་ཕྲུག་ཁྱོན་ ༣༥༠ ལྷག་ཙམ་ལ་གོང་གི་བརྗོད་གཞིའི་ཐོག་ཞིབ་ཕྲ་ངོ་སྤྲོད་གནང་ཐུབ་པ་བྱུང་ཡོད།


འགྲེམས་སྟོན་ཐོག་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཚེ་རིང་ལྷ་མོ་ལགས་དང་། བློ་བཟང་མཚོ་མོ་ལགས། ཆོས་དབྱིངས་རང་གྲོལ་ལགས་བཅས་ཆེད་བཅར་གནང་ཡོད་པ་བཅས།