ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ ‘སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་བའི་བོད་མིའི་མང་གཙོ།’ ཞེས་པའི་བརྗོད་གཞིའི་ཐོག་པར་རིགས་འགྲེམས་སྟོན་གནང་བ། 

༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་༸སྐུའི་གོ་སྟོན་དང་འབྲེལ་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་བཞིན་པར་བརྟེན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༤ པའི་ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ པ་ནས་ཕྱི་དྲོ་ཆུ་ཚོད་ ༣།༠༠ བར་རྒྱ་གར་ཧི་མ་ཅལ་མངའ་སྡེའི་རྡ་རམ་ས་ལའི་ཉེ་འདབས་སུ་རྟེན་གཞི་བྱས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ ”སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་བའི་བཙན་བྱོལ་བོད་མིའི་མང་གཙོ།” ཞེས་པའི་བརྗོད་གཞིའི་ཐོག་པར་རིགས་འགྲེམས་སྟོན་ཞིག་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ པའི་ཐོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱིས་ཐོག་མར་མར་མེ་ཞལ་ཕྱེ་གནང་བ་དང་།  དེ་རྗེས་སློབ་སྤྱིས་དབུས་པའི་དགེ་ལས་རྣམས་ཀྱིས་འགྲེམས་སྟོན་ལ་གཟིགས་ཞིབ་དང་། རིམ་པས་དུས་ཡུན་ཆ་བགོས་ཀྱིས་མཐོ་རིམ་རིག་གནས་འཛིན་གྲྭ་ལོ་རིམ་བཞིའི་སློབ་མ་རྣམས་དང་། གཙུག་ལག་རབ་འབྱམས་པའི་སློབ་མ། རབ་བྱུང་རིག་གནས་འཛིན་གྲྭའི་སློབ་མ། ཟུར་སྦྱོང་འཛིན་གྲྭའི་སློབ་མ། ཕྱི་རྒྱལ་བ་བོད་ཀྱི་སྐད་ཡིག་འཛིན་གྲྭའི་སློབ་མ། ནང་རིག་འཛིན་གྲྭའི་སློབ་མ། དེ་བཞིན་དགོན་སྡེ་ཁག་གི་གཞི་རིམ་དགེ་རྒན་གྱི་ཟབ་སྦྱོང་བ་རྣམ་པ་བཅས། ཁྱོན་དགེ་ལས་དང་སློབ་མ་གྲངས་ ༢༣༠ ཙམ་ནས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་ཡོད་ལ།

སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་ཆེད་བཅར་ལས་བྱེད་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་བའི་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་འགྲེམས་སྟོན་གྱི་པར་རིགས་ཁག་ངོ་སྤྲོད་འགྲེལ་བཤད་གནང་ཡོད།

ད་ཐེངས་ཀྱི་འགྲེམས་སྟོན་སྐབས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་མཐུན་འགྱུར་དང་གོ་སྐབས་གནང་བ་བརྒྱུད་མཐོ་སློབ་ཀྱི་སློབ་མ་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་གོ་རྟོགས་སྤེལ་ཐུབ་པ་བྱུང་ཡོད་པ་བཅས།