ལྡི་ལིར་སྤྱི་འཐུས་རྣམ་པས་སྣེ་ཁྲིད་པའི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པ།

གནས་ཚུལ་མཁོ་སྒྲུབ་ཚོགས་ཆུང་གི་འགན་ཁུར་བ་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ནས་གནས་ཚུལ་བཏང་འབྱོར་ལྟར་ན། ཕྱི་ལོ་ ༢༠༡༡།༡༠།༡༨ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༠ བའི་སྟེང་ལྡི་ལིའི་ཇཱན་ཏར་མན་ཏར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་དང་འགོ་ཁྲིད་འོག་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དངོས་སུ་འགོ་འཛུགས་གནང་འདུག  ཟས་བཅད་ངོ་རྒོལ་འདིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། ཚོགས་གཞོན་གཙོས་སྤྱི་འཐུས་ ༣༥ མཉམ་ཞུགས་གནང་ཡོད་པ་དང་། དེ་རིང་མགོ་འཛུགས་ཞུས་པའི་ཟས་བཅད་ངོ་རྒོལ་འདིར་ལྡི་ལི་ཁུལ་དང་ཕྱོགས་མཐའ་ནས་ཕེབས་པའི་དགེ་འདུན་པ་དང་། བཙུན་མ། མི་མང་སོགས་མཉམ་ཞུགས་བྱས་ཡོད།

ལས་འགུལ་དབུ་འཛུགས་སྐབས། སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཟས་བཅད་ངོ་རྒོལ་བྱེད་དགོས་པའི་རྒྱུ་མཚན་དང་། ཟས་བཅད་ངོ་རྒོལ་འགོ་འཛུགས་བྱས་པ་སོགས་ཀྱི་གསུང་བཤད་གནང་ཡོད་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཆུ་ཚོད་ ༢༤ རིང་གནང་རྒྱུ་ཡིན་འདུག

ཟས་བཅད་ངོ་རྒོལ་འདིར་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་དུར་ཁ་རྗེ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཨ་ཤར་རེ་ཊེ་སོགས་མཉམ་ཞུགས་གནང་ཡོད་པ་དང་། དེ་བཞིན་རྒྱ་གར་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་ཁག་ཅིག་ཕེབས་ཏེ་གསུང་བཤད་སོགས་གནང་ཡོད་པ་དང་། ཉིན་རྒྱབ་ཆུ་ཚོད་ ༣ སྟེང་གསར་འགོད་གསལ་བསྒྲགས་དང་། དགོང་དྲོ་མར་མེ་ཁྲོམ་སྐོར་སོགས་ཀྱི་མཛད་འཆར་ཡང་གོ་སྒྲིག་ཡོད་པ་རེད།

ཕྱི་ཚེས་ ༡༩ ཉིན་བཞུགས་སྒར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་དབུ་བཞུགས་ཀྱི་གཞུང་འབྲེལ་སྨོན་ལམ་གསུང་འདོན་དང་བསྟུན་འཛམ་གླིང་ཁྱོན་དང་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་ཉིན་བརྒྱ་དུས་གཅིག་ཏུ་ལས་འགུལ་གནང་འཆར་ཡོད་པ་རེད།