ལྡི་ལིར་ཉིན་གཉིས་པའི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ།

སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་གནས་ཚུལ་བཏང་འབྱོར་ལྟར་ན། ཕྱི་ཚེས་༡༨ ཉིན་གྱི་སྔ་དྲོ་ནས་མགོ་འཛུགས་ཀྱིས་སྤྱི་འཐུས་རྣམས་ཀྱིས་ཆུ་ཚོད་༢༤ ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ཕྱི་ཚེས་༡༩ ཉིན་གྱི་སྔ་དྲོ་གན་དྷིའི་འཚེ་མེད་པའི་ཞི་བདེའི་ཐེབས་རྩའི་རྒྱལ་ཡོངས་སྤྱི་ཁྱབ་འགན་འཛིན་གྱིས་ཤིང་ཏོག་གི་ཁུ་བ་དྲངས་ནས་ཟས་བཅད་ཀྱི་ལས་འགུལ་དེ་མཚམས་འཇོག་གནང་ཡོད་པ་དང་། དེ་བཞིན་གན་དྷིའི་བང་སོའི་མདུན་ཐང་དུ་ཆོས་ལུགས་རིས་མེད་ཀྱི་སྨོན་ལམ་གསུངས་པ། ས་གནས་དེ་ནས་ཇན་ཏར་མན་ཏར་བར་ཞི་བའི་གོམ་བགྲོད་བཅས་གནང་ཡོད་པ་རེད།

དེ་ཡང་ཕྱི་ཚེས་༡༨ ཉིན་སྤྱི་འཐུས་རྣམས་ཀྱིས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེ་འགོ་འཛུགས་བྱས་པ་དང་། ཉིན་གང་མཉམ་ཞུགས་བྱེད་མཁན་དགེ་འདུན་པ་གྲངས་༣༠༠ ཙམ་དང་། མི་མང་༢༠༠ མཉམ་ཞུགས་གནང་ཡོད་པ་རེད། དགོང་མོ་ཆུ་ཚོད་༥ དང་ཕྱེད་ཀྱི་ཐོག་མར་མེའི་ཁྲོམ་སྐོར་དང་བཅས་དགེ་འདུན་པ་དང་། མི་མང་རྣམས་ས་གནས་སོ་སོར་ལོག་ཡོད་པ་དང་། སྤྱི་འཐུས་རྣམས་མཚན་གང་ལས་འགུལ་སྤེལ་ས་རུ་བཞུགས་ནས་ཟས་བཅད་ངོ་རྒོལ་གནང་ཡོད་པ་རེད། ཕྱི་ཉིན་སྔ་དྲོ་གན་དྷི་འཚེ་མེད་ཞི་བདེའི་ཐེབས་རྩ་ཁང་གི་རྒྱལ་ཡོངས་སྤྱི་ཁྱབ་འགན་འཛིན་ལྕམ་རཱ་དྷ་བྷ་ཧན་མཆོག་གིས་ལས་འགུལ་དེ་ལ་བསྔགས་བརྗོད་དང་། རྒྱ་དམར་གཞུང་གིས་བོད་ལ་མནར་གཅོད་གཏོང་བའི་སྲིད་བྱུས་འདི་རྒྱ་རིགས་མི་མང་གི་བསམ་བློ་མ་ཡིན་པར། རྒྱ་གཞུང་གི་དཔོན་རིགས་ཁག་ཅིག་གིས་བོད་ཀྱི་ཆོས་དང་རིག་གཞུང་། བོད་མི་རིགས་བཅས་རྩ་མེད་གཏོང་འཆར་གྱིས་སྲིད་བྱུས་འདི་ལག་བསྟར་བྱས་པ་ཞིག་རེད། དེ་ལ་བློ་ཕམ་ཆེན་པོ་ཡོད།

ད་ལན་ཁྱེད་ཚོའི་ལས་འགུལ་འདི་མི་རིགས་ཤིག་དང་རིག་གཞུང་ཞིག་སྲུང་སྐྱོབ་ཀྱི་ཆེད་དུ་སྤེལ་བའི་ལས་འགུལ་ཞིག་ཡིན་པས་ཧ་ཅང་གི་རླབས་ཆེན་ཞིག་རེད། ཅེས་སོགས་ལས་འགུལ་རྒྱབ་སྐྱོར་ཡོད་པའི་གསུང་བཤད་མདོར་བསྡུས་གནང་རྗེས། ཐོག་མ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་ཤིང་ཏོག་གི་ཁུ་བ་ཕུལ་བ་དང་། དེ་རྗེས་སུ་རིམ་པས་ཚོགས་གཞོན་སོགས་ལ་ཤིང་ཏོག་གི་ཁུ་བ་དྲངས་ནས་ཟས་བཅད་ཀྱི་ལས་འགུལ་དེ་མཚམས་འཇོག་གནང་ཡོད་པ་རེད།

ཕྱི་ཚེས་༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ པ་ཙམ་ལ་བདག་ཉིད་ཆེན་པོ་གན་དྷིའི་བང་སོ་བཞུགས་ཡུལ་གྱི་མདུན་དུ་ཆོས་ལུགས་མི་སྣ་ཆེ་གྲས་ཁག་ཅིག་ཕེབས་ནས་རང་རང་སོ་སོའི་ལུགས་ཀྱིས་སྨོན་ལམ་གསུང་འདོན་གནང་བ་དང་། བོད་པའི་དགེ་འདུན་པ་རྣམས་ཀྱིས་༧གོང་ས་མཆོག་གི་ཞབས་བརྟན་གསོལ་འདེབས་དང་། བདེན་ཚིག་སྨོན་ལམ་སོགས་གསུངས་རྗེས། གན་དྷི་མཆོག་གི་བང་སོ་ལ་ཁ་བཏགས་སྒྲོན་འབུལ་ཞུས་ཡོད་པ་རེད། སྤྱིར་ཆོས་ལུགས་མི་འདྲ་བ་མང་པོ་ཞིག་ལྷན་དུ་འཛོམས་ནས་སྨོན་ལམ་འཚོག་རྒྱུ་ནི་ལས་སླ་པོ་ཞིག་གཏན་ནས་མིན་ཡང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་བཞེད་བཞིན་ཆོས་ལུགས་ནང་ཕན་ཚུན་མཐུན་ལམ་ཡོང་ཐབས་དེ་རླབས་ཆེན་གྱི་ཕྱག་ལས་ཤིག་ཏུ་ངོས་འཛིན་གནང་ནས། དེའི་ཆེད་དུ་འབད་བརྩོན་རབ་དང་རིམ་པ་གནང་ཡོད་པ་བཞིན། རིམ་བཞིན་གྲུབ་འབྲས་ཐོན་པ་ཞིག་ཡིན་པ་རེད། ད་ལན་བོད་ནང་དང་ལྷག་པར་མདོ་སྨད་རྔ་པའི་ནང་དུ་རྒྱ་དམར་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་རབ་དང་རིམ་པ་སྤེལ་བར་བརྟེན་དགེ་འདུན་པ་དང་མི་སྐྱ་ཁག་ཅིག་གིས་རིམ་བཞིན་རང་ལུས་མེར་བསྲེག་གིས་ལས་འགུལ་སྤེལ་བར་བརྟེན། དེ་དག་གི་ཆེད་དུ་ཧིན་དུ་དང་། སིག  ཡེ་ཤུ། ཇོའུ་ཤི། ནང་པ་སོགས་ཀྱི་ཆོས་ལུགས་རིས་མེད་ཀྱི་དབུ་ཁྲིད་ཁག་ཅིག་གིས་སྨོན་ལམ་འདི་གོ་སྒྲིག་གནང་བ་ཞིག་ཡིན་འདུག་པ་དང་། གོ་སྐབས་དེ་དང་སྟབས་བསྟུན་ནས་བོད་དོན་རྒྱབ་སྐྱོར་གྱི་ཡི་གེ་ཞིག་ལ་བླ་ཆེན་རྣམས་ཀྱིས་རེ་རེ་བཞིན་མཚན་རྟགས་ཀྱང་བཀོད་གནང་ཡོད་པ་རེད། སྨོན་ལམ་གྲུབ་རྗེས་བླ་ཆེན་རྣམས་དང་སྤྱི་འཐུས་ཚོགས་གཙོ་བཅས་ཀྱིས་བདག་ཉིད་ཆེན་པོ་གན་དྷིའི་བང་སོ་ལ་གུས་འདུད་དང་བོད་ལུགས་ཁ་བཏགས་སྒྲོན་འབུལ་ཞུས་ཡོད་པ་རེད།

སྔ་དྲོ་ཆུ་ཚོད་༡༠ དང་སྐར་མ་༢༠ ཙམ་གྱི་ཐོག་དགེ་འདུན་པ་རྣམས་ཐོག་དྲངས་ནས་ཞི་བའི་གོམ་བགྲོད་འགོ་འཛུགས་གནང་བ་དང་། ཉིན་འདིར་ས་གནས་གང་ས་ནས་མི་མང་༣༠༠༠ ལྷག་འདུ་འཛོམས་བྱུང་ཡོད་པ་རེད། ས་གནས་ཇན་ཏར་མན་ཏར་དུ་སླེབས་པའི་རྗེས་སུ་རྒྱ་གར་གྱི་གནད་ཡོད་གྲོས་ཚོགས་ཀྱི་འཐུས་མི་དང་། གྲོས་ཚོགས་འཐུས་མི་ཟུར་པ། རྩོམ་པ་པོ་དང་། གསར་འགོད་པ། བོད་དོན་རྒྱབ་སྐྱོར་ཁག་ཅིག་བཅས་ཀྱིས་གསུངས་བཤད་གནང་ཡོད་པ་རེད།

ལས་འགུལ་སྐབས་ཆོས་རིག་བཀའ་བློན་གྱིས་གསུང་བཤད་གནང་བ།

གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཉིན་གཉིས་པའི་ཕྱི་དྲོ་ཆུ་ཚོད་༣ དང་ཕྱེད་ཙམ་གྱི་དུས་སུ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་བཀའ་ཤག་གིས་ཚབ་ཞུས་ནས་ལས་འགུལ་བ་རྣམས་ལ་གསུང་བཤད་གནང་བ་དང་།

ཆོས་རིག་བཀའ་བློན་མཆོག་གིས་ཐོག་མ་ལས་འགུལ་བ་རྣམས་ལ་འཚམས་འདྲི་དང་། རང་རང་སོ་སོར་ལས་གནས་འདྲ་མིན་མང་པོ་ཡོད་ཀྱང་། བློས་གཏོང་གིས་ས་གནས་སོ་སོ་ནས་འདིར་འཛོམས་པ་དེ་ལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད། དེ་བཞིན་ཁོང་གིས་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། གཙོ་བོ་རྒྱ་དམར་གཞུང་གིས་བོད་ནང་དུ་རང་དབང་དང་བདེ་སྐྱིད་ཡོད་པ། དཀའ་ངལ་དང་སྡུག་བསྔལ་མེད་ཚུལ་བཅས་འཛམ་གླིང་གི་ཁྲོད་དུ་སྒྲོགས་བཞིན་པའི་སྐབས་སུ། བོད་མདོ་སྨད་རྔ་པ་ཀིརྟི་ཁུལ་ནས་རང་སྲོག་བློས་གཏོང་གི་ལས་འགུལ་གང་མང་སྤེལ་ཡོད་པ་དང་། དེ་བཞིན་རྟའུ་དགོན་པའི་དགེ་འདུན་པ་གཅིག་བཅས་ཀྱིས་རང་སྲོག་བློས་བཏང་གནང་བ་བཅས་ནི་ཧ་ཅང་རླབས་ཆེན་ཞིག་དང་། སྙིང་སྟོབས་ཆེན་པོ་རེད་ལ། དེ་ཡང་རྒྱ་གར་ལྟ་བུ་རང་དབང་དང་བདེ་སྡུག་ཞུ་ས། གནས་ཚུལ་ཐག་གཅོད་བྱེད་ཡུལ་མེད་པར་འ་ཆད་འུ་ཐུག་ནས་རང་ཉིད་ཀྱི་རྩ་ཆེ་ཤོས་ལུས་སྲོག་བློས་གཏོང་གནང་བ་ཞིག་རེད། དེ་ལ་བརྟེན་ནས་རྒྱ་དམར་གཞུང་གིས་བཤད་བཞིན་པའི་ཡར་རྒྱས་དང་བདེ་སྐྱིེད་ཟེར་བ་དེ་ཚོ་སྐྱག་རྫུན་ཡིན་པ་ར་སྤྲོད་གསལ་པོ་བྱས་པ་རེད། དེ་རིང་བོད་གཞུང་བཀའ་ཤག་གིས་གོ་སྒྲིག་འོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། ༧རྒྱལ་དབང་ཀརྨ་པ་མཆོག་སོགས་ཀྱིས་དབུ་བཞུགས་ཐོག་སྨྱུང་གནས་སྨོན་ལམ་ཞིག་གོ་སྒྲིག་བྱས་ཡོད་པ་དང་། དེ་རིང་བཙན་བྱོལ་བོད་པའི་ས་གནས་ཁག་ནས་དུས་གཅིག་ཏུ་ལས་འགུལ་སྤེལ་བཞིན་ཡོད་ཚུལ་སོགས་གསུང་བཤད་གནང་ཡོད་པ་རེད། དེའི་རྗེས་སུ་ལྡི་ལི་དོན་གཅོད་ཀྱི་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ནས་བཀའ་བློན་ཁྲི་པ་མཆོག་གི་གསུང་བཤད་སྒྲོག་སྦྱངས་གནང་ཡོད་པ་དང་། དེའི་རྗེས་སུ་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་གསུང་བཤད་གནང་བཞིན་ཡོད་པ་རེད།