ལབ་ལི་ཆེད་ལས་གཙུག་ལག་སློབ་གཉེར་ཁང་དུ་ ‘སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་བའི་བོད་མིའི་མང་གཙོ།’ ཞེས་པའི་བརྗོད་གཞིའི་ཐོག་པར་རིས་འགྲེམས་སྟོན་གནང་བ།

༄༅། །བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་༸སྐུའི་གོ་སྟོན་དང་བསྟུན་བྱམས་བརྩེའི་ལོ་སྲུང་བརྩིའི་སླད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་འོག ཕྱི་ལོ་ ༢༠༢༥ ཟླ་ ༡༡ པའི་ཚེས་ ༢༠ ཉིན་རྒྱ་གར་ཇ་ལན་རྡར་གྲོང་ཁྱེར་དུ་ཡོད་པའི་ལབ་ལི་ཆེད་ལས་གཙུག་ལག་སློབ་གཉེར་ཁང་ (Lovely Professional University) གི་སང་ཀེན་ལྡུམ་རའི་ནང་ (Sunken Garden) དུ་ ‘སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་བའི་བོད་མིའི་མང་གཙོ།’ ཞེས་པའི་བརྗོད་གཞིའི་ཐོག་པར་རིས་འགྲེམས་སྟོན་ཞིག་གནང་ཡོད།

དེ་ཉིན་གཙུག་ལག་སློབ་གཉེར་ཁང་གི་འཛིན་སྐྱོང་ལས་སྣེ་སློབ་དཔོན་ནི་ཏིན་ བྷར་ད་ཝ་ཇ་ (Dr. Nitin Bhardwaj Professor & Dy. Dean) མཆོག་གིས་འགྲེམས་སྟོན་དབུ་འབྱེད་དང་། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་ཤེས་རབ་ལགས་ཀྱིས་སྐུ་མགྲོན་མཆོག་ལ་པར་རིས་འགྲེམས་སྟོན་ཁག་ངོ་སྤྲོད་ཞུས་རྗེས། ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་ཕུལ་བ་དང་། དེ་བཞིན་མཐུན་འགྱུར་གནང་མཁན་སློབ་གཉེར་ཁང་གི་སློབ་ཕྲུག་གཞན་རྣམས་ལའང་མཇལ་དར་དང་ཕྱག་རྟགས་བཅས་ཕུལ་འདུག

པར་རིས་འགྲེམས་སྟོན་དེ་བཞིན་ཉིན་དེའི་སྔ་དྲོ་ ༨།༣༠ ནས་ཕྱི་དྲོ་ཆུ་ཚོད་ ༦།༠༠ བར་གོ་སྒྲིག་ཞུས་འདུག་ཅིང་། གཙུག་ལག་སློབ་གཉེར་ཁང་དེར་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་སློབ་མ་རྣམས་ནས་མཉམ་ཞུགས་དང་མཐུན་འགྱུར་རོགས་རམ་གང་ནུས་གནང་འདུག་པ་དང་། དེ་བཞིན་སློབ་གཉེར་ཁང་དེའི་སློབ་ཕྲུག་གི་བདེ་དོན་འགན་འཛིན་གྱིས་གཙོས་པའི་གཞན་རྒྱ་གར་སློབ་མ་ཁག་ཅིག་གིས་ཀྱང་མཐུན་འགྱུར་རོགས་རམ་བཅས་གནང་སྟབས། འགྲེམས་སྟོན་དེ་བཞིན་ཚགས་ཚུད་ལེགས་གྲུབ་བྱུང་ཡོད་འདུག

ཉིན་དེའི་འགྲེམས་སྟོན་དེར་དེ་གའི་དགེ་ལས་དང་། སློབ་མ་སོགས་མི་གྲངས་བརྒྱ་སྐོར་ལྷག་གིས་གཟིགས་ཞིབ་གནང་སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་བའི་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་གོ་རྟོགས་སྤེལ་ཐུབ་པ་བྱུང་ཡོད་པ་བཅས།