ལ་དྭགས་དབུས་འཛིན་མངའ་ཁུལ་གྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་པ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༩ ཉིན་ཕྱི་དྲོ་ཆུ་ཚོད་ ༣།༠༠ ཐོག་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་མཆོག་དང་། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་སྐུ་ཞབས་བཀྲ་ཤིས་རྒྱལ་མཚན་མཆོག སྡེ་དཔོན་གཞོན་པ་ཚེ་རིང་དབང་ཕྱུག་མཆོག རྒྱུན་ལས་སྐུ་ཞབས་གྷུ་ལམ་ མེ་དྷི་ ཨ་ཤུར་ (Ghulam Mehdi Ashoor) མཆོག་བཅས་ལས་གྲུབ་པའི་ལ་དྭགས་དབུས་འཛིན་མངའ་ཁུལ་གྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་པ་དང་། སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་སྣེ་ལེན་མཇལ་འཕྲད་གནང་སོང་།

དེ་ཡང་ཐོག་མར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ལ་དྭགས་དབུས་འཛིན་མངའ་ཁུལ་གྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། ལས་དོན་གནང་ཕྱོགས། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར། ལྷག་པར་དུ་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། བཀའ་སློབ་ལམ་སྟོན་འོག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་བཞིན་ཚད་དང་ལྡན་པའི་མང་གཙོའི་ལམ་ལུགས་ཐོག་བསྐྱོད་བཞིན་ཡོད་པ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་བ། མགོན་པོ་གང་ཉིད་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་བ་སོགས་བཙན་བྱོལ་མང་གཙོའི་འཕེལ་རིམ་སྐོར་ངོ་སྤྲོད་གནང་སོང་།


གཞན་ཡང་དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱ་གར་གཞུང་མང་གཉིས་དང་། ལྷག་པར་དུ་ལ་དྭགས་མངའ་གཞུང་དང་། མི་མང་བཅས་ནས་ས་གནས་སུ་གནས་སྡོད་བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། འབྱུང་འགྱུར་མུ་མཐུད་མཐུན་འགྱུར་རྒྱབ་སྐྱོར་གང་ཐུབ་གནང་རྒྱུའི་རེ་སྐུལ་ཞུས་པར། ཁོང་རྣམ་པས་དེ་ལྟར་གནང་རྒྱུའི་ཞལ་བཞེས་གནང་སོང་། མཐར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཁོང་རྣམས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་ཨིན་ཡིག་ཐོག་ཡོད་པ་བཙན་བྱོལ་ནང་གི་རང་དབང་ (Freedom in Exile) ཞེས་པའི་ཕྱག་དེབ་དང་། དེ་བཞིན་བོད་དོན་དང་འབྲེལ་བའི་དཔེ་དེབ་ཁག་ཅིག་ཕུལ་གནང་ཡོད་པ་བཅས།