རྩིས་ལོ་ ༢༠༢༤་་་༢༥ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ལས་དོན་མཇུག་བསྒྲིལ་བ།

༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། དོན་ཚན་རེ་དྲུག་པ། ལོ་འཁོར་སྔོན་རྩིས་འཆར་འབུལ་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཆོགས་ཆུང་ཞེས་པའི་ནང་གསེས་ ༡ པོའི་དགོངས་དོན་གཞིར་བཟུང་། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་རྩིས་ལོ་ ༢༠༢༤་་་༢༥ ལོའི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་མི་འགྲོར་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་བཅས་བསྐོ་འཛུགས་གནང་བ་བཞིན། ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༢༦ ཉིན་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་རྣམ་པ་ལྷན་འཛོམས་ཀྱིས་ཚོགས་ཆུང་གི་ཚོགས་གཙོར་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་དང་། ཚོགས་དྲུང་དུ་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་བཅས་སྤྱི་མོས་བྱུང་རྗེས། ལས་དོན་དབུ་འཛུགས་ཀྱིས་ད་བར་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་ཁྱབ་ཁོངས་དང་བཅས་པའི་རྩིས་ལོ་ ༢༠༢༤༌༌༌༢༥ ལོའི་སྔོན་རྩིས་ལ་བཀའ་ཤག་གིས་རྒྱབ་གཉེར་གནང་བའི་ཡིག་ཆ་ཡོངས་ལ་ཞིབ་འཇུག་ནན་ཏན་གནང་རྗེས། ལས་དོན་སྙན་ཐོ་དེ་རིང་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༡ ཉིན་གྱི་སྔ་དྲོ་ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་སུ་ཕུལ་བ་དང་། ཚོགས་ཆུང་གི་སྙན་ཐོ་གྲོས་ཚོགས་ཚོགས་དུས་ ༧ པའི་ཐོག་སྙན་སྒྲོན་གནང་རྒྱུ་ཡིན་པ་བཅས།