རྩིས་ལོ་ ༢༠༢༣་་་༢༤ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ལས་དོན་དབུ་འཛུགས་གནང་བ།


༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་ཁྱབ་ཁོངས་དང་བཅས་པའི་ལོ་འཁོར་སྔོན་རྩིས་འཆར་གཞིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོད་དཔག་འཆར་རྩིས་ཚོགས་ཆུང་ཆེད་འཛུགས་ཐོག་ཞིབ་འཇུག་ནན་ཏན་གྱིས་གྲོས་ཚོགས་སུ་གྲུབ་དོན་སྙན་ཐོ་འབུལ་ལམ་ཞུ་སྲོལ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། དོན་ཚན་རེ་དྲུག་པ། ལོ་འཁོར་སྔོན་རྩིས་འཆར་འབུལ་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཆོགས་ཆུང་ཞེས་པའི་ནང་གསེས་ ༡ “བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་ཡོངས་རྫོགས་ཀྱི་སྔོན་རྩིས་འཆར་ལོའི་ཡོང་འབབ་དང་། འགྲོ་སོང་ཇི་ཡོད་ཟུར་འཇོག་བཅས་འཚེམས་ལུས་མེད་པའི་ལོ་འཁོར་སྔོན་རྩིས་འགོད་འབུལ་བྱུང་བ་གྲོས་ཚོགས་སུ་བཀའ་འཁྲོལ་གོ་བསྡུར་ཆེད་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་ཞིག་ཚོགས་གཙོ་སྦྲེལ་པོས་ཚོགས་མི་ཇི་དགོས་དམིགས་འཛུགས་ཀྱིས་བསྐོ་གཞག་བྱ་དགོས། དེའི་དུས་ཡུན་ཚོགས་གཙོ་སྦྲེལ་པོས་གཏན་འབེབས་ཇི་བྱས་ལྟར་ཡིན།” ཞེས་པའི་དགོངས་དོན་གཞིར་བཟུང་། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་རྩིས་ལོ་ ༢༠༢༣་་་༢༤ ལོའི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་མི་འགྲོར་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་བཅས་བསྐོ་འཛུགས་གནང་བ་བཞིན། ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་གྱི་ཐོག་སྤྱི་འཐུས་རྣམ་པ་ལྷན་འཛོམས་གནང་སྟེ། ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་དྲུང་བསྐོ་གཞག་གནང་རྒྱུ་གནང་བར། ཚོགས་ཆུང་གི་ཚོགས་གཙོར་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། ཚོགས་དྲུང་སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་བཅས་སྤྱི་མོས་ཐོག་ཐུགས་གཏན་ཁེལ་གནང་ཡོད།

དེ་རྗེས་ཚོགས་ཆུང་གི་ཚོགས་མི་རྣམས་ཚོགས་གཙོའི་ལས་ཁུངས་སུ་དཔལ་ལྡན་ཚོགས་སྦྲེལ་པོ་མཆོག་གི་སར་ཆེད་བཅར་གྱིས་ལས་དོན་དང་འབྲེལ་བའི་ལམ་སྟོན་ཁག་ཞུས་རྗེས་དངོས་སུ་ལས་དོན་དབུ་འཛུགས་གནང་ཡོད།


དེ་ཡང་ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡༤ འགྱངས་མེད་ཚོགས་དྲུང་ལས་ཁུངས་སུ་འབུལ་གནང་ཐུབ་པ་དགོས་རྒྱུ་ཡིན་པ་བཅས། །