རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཏེ་མི་ལོ་ ༦༣ འཁོར་བའི་དུས་དྲན་གྱི་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོག་སྦྱངས་གནང་བ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༡༠ པའི་ཚེས་ ༢༣ ཉིན་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༦༣ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་གནང་སོང་།

སྐབས་དེའི་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོག་སྦྱངས་གནང་དོན། རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཏེ་མི་ལོ་ ༦༣ འཁོར་བའི་དུས་དྲན་གྱི་མཛད་སྒོའི་ཐོག་ཕེབས་པའི་སྐུ་མགྲོན་གཙོ་བོ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་གིས་དབུས་སྐྱབས་གནས་དགེ་འདུན་གྱི་སྡེ། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ལས་ཟུར་རྣམ་པ། དྲུང་ཆེ་དང་འགན་འཛིན་རྣམ་པ། ཕྱི་ནང་གི་སྐུ་མགྲོན་རྣམ་པ། བོད་ཕྲུག་ཁྱིམ་སྡེ་འདིའི་སྤྱི་ཁྱབ་དབུ་འཛིན་མཆོག་དང་། སློབ་གྲྭའི་འགན་འཛིན། སློབ་སྤྱི། དགེ་རྒན། ལས་བྱེད། ལས་ཟུར་རྣམ་པ་དང་། བརྩེ་བའི་སློབ་ཕྲུག་རྣམ་པ། རྒྱ་ཆེའི་མང་ཚོགས་བཅས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

དེ་རིང་ནི་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཏེ་མི་ལོ་ ༦༣ འཁོར་བའི་དུས་ཚིགས་ཁྱད་པར་ཅན་ཞིག་ཡིན། དེ་ཡང་རྒྱ་ནག་དམར་པོའི་གཞུང་གིས་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་བཙན་བཟུང་བྱས་ཏེ། ཕྱི་ལོ་ ༡༩༥༩ ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་ཁྲི་བརྒྱད་ཙམ་བཙན་བྱོལ་དུ་ཕེབས་དགོས་བྱུང་། དཀའ་ངལ་ཤིན་ཏུ་ཆེ་བའི་གནས་སྟངས་དེའི་སྐབས་བོད་ཀྱི་རང་དབང་བསྐྱར་གསོ་དང་བོད་མི་རིགས་རིག་གཞུང་དང་བཅས་པ་རྒྱུན་གནས་ཐུབ་ཕྱིར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་ཟབ་མོའི་འོག་བཙན་བྱོལ་བོད་ཕྲུག་ཚོར་གནའ་དེང་གི་ཤེས་ཡོན་སྤྲོད་རྒྱུའི་ཆེད་སློབ་གྲྭ་ཁག་ཆེད་མངགས་ཟུར་འཛུགས་མཛད་ཡོད།

བོད་ཕྲུག་ཁྱིམ་སྡེ་འདི་བཞིན་ཕྱི་ལོ་ ༡༩༦༠ ལོར་བོ་ཕྲུག་ ༥༡ ཙམ་ཞིག་ཡོད་པ་ཐོག་མར་གསར་འཛུགས་ཀྱིས་༸སྐུའི་གཅེན་མོ་དམ་པ་ཚེ་རིང་སྒྲོལ་མ་མཆོག་དང་། དེ་རྗེས་༸སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་མི་ལོ་ ༤༢ ལྷག་གི་རིང་ཐུགས་འགན་བཞེས་གནང་བ་དང་། དེ་བཞིན་བོད་ཁྱིམ་དབུ་འཛིན་རིམ་པ་དང་དགེ་ལས་རིམ་པ་རྣམས་ཀྱིས་ལྷག་བསམ་འབད་འབུངས་ཁུར་སྐྱེད་ཐོག འབྱོར་འཁོས་ཞན་པའི་ཕྲུ་གུ་དང་། ལྷག་པར་དུ་བོད་ནས་གསར་དུ་འབྱོར་བའི་བོད་ཕྲུག་རྣམས་ལ་གཟིགས་སྐྱོང་གནང་ནས། བོད་བསྟན་སྲིད་མི་རིགས་རིག་གཞུང་ལ་སྨན་པའི་མཛད་རྗེས་བཞག་གནང་བར་ཡི་རངས་བསྔགས་བརྗོད་དང་སྦྲགས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སློབ་གྲྭ་ནི་བྱིས་པའི་རྣམ་དཔྱོད་བཟོ་སྐྲུན་བྱ་ས་ཞིག་ཡིན་པས། འཛིན་སྐྱོང་སྤྱི་དང་ལྷག་པར་དུ་དགེ་རྒན་རྣམས་ཀྱིས་སློབ་ཕྲུག་ཚོར་བྱམས་བརྩེས་ཀུན་ནས་བསླངས་ཏེ་བསླབ་གཞི་རྣམས་བུམ་པ་གང་བྱོས་སློབ་མའི་རྒྱུད་ཐོག་ཏུ་སྨིན་པ་གནང་ནས། སློབ་ཕྲུག་ཡོངས་དང་ལྷག་པར་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོར་མཉམ་ཞུགས་གནང་མཁན་སློབ་མ་རྣམས་ཀྱི་སྦྱངས་འབྲས་སྔར་ལྷག་ཐོབ་རྒྱུར་གཟིགས་སྐྱོང་གནང་དགོས་པ་མ་ཟད། ཐུན་མིན་བོད་ཀྱི་ཡ་རབས་ཀུན་སྤྱོད་བཟང་པོ་འཇགས་ཐབས་སུ་ཤུགས་སྣོན་སྐྱོན་དགོས། དེ་བཞིན་སློབ་གྲྭའི་ཁྱིམ་ཚང་སོ་སོའི་ཕ་མ་དང་། བུ་ཕྲུག་སོ་སོའི་ཕ་མའི་ངོས་ནས་ཀྱང་བུ་ཕྲུག་ཚོའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་འཐུས་ཤོར་མེད་པར་བྱམས་བརྩེས་བསྐྱངས་ཏེ་བོད་ཕྲུག་བཟང་པོ་ཤེས་འཇོན་གཉིས་ལྡན་ཤ་སྟག་སྐྱེད་སྲིང་གནང་རྒྱུ་དང་། བོད་མི་སློབ་ཕྲུག་གཅིག་ཡིན་ཡང་རང་རེའི་སྤྱི་ཚོགས་སུ་དགོས་མཁོ་ཤིན་ཏུ་ཆེ་བས་སློབ་ཕྲུག་གི་མདུན་ལམ་དང་ཕུགས་དམིགས་ཀྱིས་རང་རེའི་སྤྱི་ཚོགས་ལ་ཕན་ཐོགས་ངེས་ཅན་ཡོང་ཐུབ་པའི་རྣམ་དཔྱོད་བསྐྲུན་ཐུབ་པ་གནང་དགོས།

དེང་གི་དུས་སུ་བོད་ནས་གསར་དུ་ཕེབས་མཁན་ཕྲུ་གུ་ཆེས་ཉུང་དུ་ཕྱིན་པ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུའང་གསར་སྐྱེས་བྱིས་པ་ཉུང་དུ་ཕྱིན་པ་སོགས་ཀྱིས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་བོད་ཕྲུག་ཉུང་དུ་འགྲོ་བཞིན་པའི་གནས་སྟངས་ལ་བརྟེན། གོ་སྐབས་འདི་བརྒྱུད་ད་ཡོད་སློབ་མའི་ཤེས་ཚད་གོང་མཐོ་དང་དགེ་རྒན་གྱི་སློབ་ཁྲིད་ཚད་ལྡན་ཡོང་སླད་ཐབས་ལམ་གསར་གཏོད་གནང་དགོས་པ་དང་། དེ་ཡང་གྲངས་ཚད་ལས་སྤུས་ཚད་ལྡན་པ་ཡོངས་ཐབས་གནང་རྒྱུ་གལ་འགངས་ཤིན་ཏུ་ཆེ་བ་ཆགས་ཡོད། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་བོད་ཕྲུག་ཁྱིམ་སྡེ་འདིའི་ངོས་ནས་ཆོས་དང་རིག་གཞུང་གཅིག་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བུ་ཕྲུག་སློབ་འཇུག་གནང་ནས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐུབ་རྒྱུའི་ལས་གཞི་བསྐྱངས་དང་སྐྱོང་བཞིན་པར་བསྔགས་བརྗོད་དང་སྦྲགས་མུ་མཐུད་རྒྱུན་སྐྱོང་གནང་དགོས་པ་མ་ཟད། ནམ་ཞག་རྒྱུན་དུ་སློབ་ཕྲུག་ཕན་ཚུན་སྐད་ཆ་བཤད་སྐབས་བོད་སྐད་ནང་ཨིན་ཇི་དང་ཧིན་དྷི། ཡུལ་སྐད་སོགས་ཀྱི་མིང་ཚིག་མཉམ་བསྲེས་ཀྱིས་བོད་སྐད་མ་དག་རྒྱུན་འབྱམས་ཀྱི་གནས་སྟངས་ཡོང་མི་སྲིད་པ་མིན་པས། སློབ་གྲྭའི་ཁོར་ཡུག་ནང་སློབ་མ་ཚོས་བོད་སྐད་གཙང་མ་བསྲེས་ལྷད་མེད་པར་བཤད་ཐུབ་དགོས་རྒྱུར་དགེ་ལས་ཚང་མས་ཐུགས་འཁུར་ཆེ་བཞེས་གནང་དགོས།

རྒྱ་གཞུང་གིས་བོད་ནང་གི་བོད་མི་རྣམས་ལ་དམ་དྲག་སྔར་ལས་ཤུགས་ཆེ་རུ་བཏང་ནས་བྱིས་པ་གཙོ་བོར་གྱུར་པའི་བོད་མི་རྣམས་ཀྱི་རིགས་རྫས་བསྡུ་ལེན་བྱས་དང་བྱེད་བཞིན་པ་དང་། ཆོས་དད་རང་དབང་དང་ཡོངས་སུ་འགལ་བའི་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུ་ཟེར་བ་སོགས་རྒྱ་སྒྱུར་གྱི་སྲིད་བྱུས་ཆེས་གདུག་རྩུབ་ཅན་དངོས་སུ་ལག་བསྟར་བྱེད་བཞིན་ཡོད་པ་མ་ཟད། བོད་ཕྲུག་ས་ཡ་གཅིག་ལྷག་ཙམ་བཙན་གྱིས་རྒྱ་སྒྱུར་སྲིད་བྱུས་འོག་ཆེད་མངགས་བསྐྲུན་པའི་བཅའ་སྡོད་སློབ་གྲྭ་ཟེར་བར་བཅུག་སྟེ། སྔོན་འགྲོ་དང་འབྲིང་རིམ་གྱི་བོད་ཕྲུག་རྣམས་ཆུང་དུས་ནས་ཕ་མ་དང་ཁ་ཕྲལ་ཏེ་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཡ་རབས་གོམས་སྲོལ་བཅས་མེད་པ་བཟོ་བཞིན་ཡོད།

བོད་ནང་དུ་སློབ་གྲྭ་ཁག་གི་བསླབ་གཞི་བརྒྱ་ཆ་དགུ་བཅུ་གོ་ལྔ་ཙམ་རྒྱ་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་ཀྱི་ཡོད་པར་བརྟེན་བོད་ཡིག་གི་སློབ་ཁྲིད་བརྒྱ་ཆ་ལྔ་ཙམ་ལས་ཟིན་གྱི་མེད། དེ་ཡང་རྒྱ་རིགས་རྣམས་ལ་ཤེས་ཡོན་སློབ་གསོ་སྤྲོད་དོན་ནི་དེང་རབས་འཕྲུལ་ལས་སོགས་ཚན་རྩལ་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་ལ་དམིགས་ཡོད་ནའང་། བོད་ཀྱིས་གཙོས་གྲངས་ཉུང་མི་རིགས་ཟེར་བ་རྣམས་ལ་སློབ་གསོ་སྤེལ་བའི་དམིགས་ཡུལ་ནི་དམར་ཤོག་གཞུང་ལ་བློ་དཀར་དང་མཐའ་མཚམས་ཁག་ཏུ་བརྟན་བརླིང་ཡོང་ཐབས་ལ་དམིགས་པ་ཞིག་རེད་ཅེས་ཉམས་ཞིབ་པ་འགས་བཤད་ཡོད། སྔ་ལོ་རྒྱ་གཞུང་གིས་ལོ་ལྔ་ཚན་བཅུ་བཞི་པའི་སྐད་ཡིག་ཚད་ལྡན་འཛུགས་སྐྲུན་འཆར་འགོད་ཟེར་བའི་ཁོངས་སུ། སློབ་གྲྭ་ཆུང་འབྲིང་གི་སློབ་མའི་སྤྱི་སྐད་ཆུ་ཚད་ཀྱི་ཚད་རིམ་རྒྱུགས་གཞིའི་ཚད་གཞི་དང་རྒྱུགས་གཞིའི་རྩ་འཛིན་ཟེར་བ་ཞིག་གཏན་འབེབ་བྱས་ཡོད། དེ་ནི་ཕྱི་ལོ་ ༢༠༠༩ ལོར་རྒྱ་ནག་ཤེས་རིག་ལྷན་ཁང་ཟེར་བ་དང་སྐད་ཡིག་འཛིན་སྐྱོང་ལྷན་ཁང་ཟེར་བ་གཉིས་ཀྱིས་གཏན་འབེབས་བྱས་པའི་སློབ་ཆུང་དང་དམའ་རིམ་སློབ་མའི་བསླབ་གཞི་ཡོད་ཚད་རྒྱ་ཡིག་ཐོག་ཏུ་བསྒྱུར་བའི་སྲིད་བྱུས་ཀྱི་ཆ་ཤས་ཤིག་ཡིན་ལ། ཕྱི་ལོ་ ༢༠༣༥ བར་དུ་རྒྱའི་དབང་འོག་ཏུ་ཡོད་པའི་མི་རིགས་གཞན་ཁག་གི་སྐད་ཡིག་རྩ་མེད་བཟོས་ཏེ་སྤྱི་སྐད་ཅེས་རྒྱ་སྐད་ཅན་བསྒྱུར་རྒྱུའི་སྲིད་བྱུས་འདི་ཉིད་འོག བོད་ནང་གི་སློབ་གྲྭ་ཁག་གི་བསླབ་གཞི་རྣམས་རྒྱ་ཡིག་ཁོ་ནའི་ཐོག་སློབ་ཁྲིད་བྱེད་པའི་རྒྱ་གཞུང་གིས་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་མ་ཟད། ཟླ་ཤས་སྔོན་བོད་ཡིག་སློབ་ཚན་ཡོད་ས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ས་ཁུལ་ཁག་གཅིག་གི་ནང་བོད་ཡིག་སློབ་འབྲིང་སོ་སོར་ ༢༠༢༤ ལོ་ནས་བཟུང་བོད་ཡིག་སློབ་ཁྲིད་བྱེད་མི་ཆོག་པ་དང་། སློབ་ཚན་ཚང་མ་རྒྱ་ཡིག་ཏུ་བསྒྱུར་ཏེ་སྦྱང་དགོས་པའི་བཙན་བཀའ་བཏང་ཡོད། དེ་ནི་བོད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་སྐད་ཡིག་རྩ་བརླག་ཏུ་བཏང་དང་གཏོང་བཞིན་པའི་རྣམ་པ་གསལ་པོར་མཚོན་ཐུབ། དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་སྲིད་བྱུས་དེ་དག་འཕྲལ་དུ་མཚམས་འཇོག་བྱེད་དགོས་ཞེས་ནན་བརྗོད་བྱ་རྒྱུ་ཡིན།

བོད་ཀྱི་སྐད་ཡིག་ནི་བཀའ་བསྟན་པོད་གསུམ་བརྒྱ་ལྷག་ཙམ་བཞུགས་ཡོད་པའི་ལེགས་སྦྱར་དང་དོ་མཉམ་པའི་འཛམ་གླིང་འདིའི་ནང་གི་སྐད་ཡིག་གཅིག་པུ་དེ་ཆགས་ཡོད་པ་མ་ཟད། འཛམ་གླིང་སྤྱི་ལ་ཕན་ཐོགས་ངེས་ཅན་ཡོང་ཐུབ་པའི་རིག་གཞུང་གལ་ཆེ་ཞིག་ཀྱང་ཆགས་ཡོད། འོན་ཀྱང་རྒྱ་གཞུང་གིས་བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་བརྟེན། དེ་དག་འགོག་ཐབས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང་། མི་སྒེར་བཅས་ནས་དེར་དོ་སྣང་དང་རྒྱབ་སྐྱོར་ཡོང་ཐབས་གནང་དགོས་པ་མ་ཟད། བཙན་བྱོལ་བོད་མི་རྣམས་ཀྱིས་ཀྱང་རང་དོན་རང་གཅེས་ཀྱིས་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ཐོག་ཤུགས་སྣོན་རྒྱག་དགོས་པའི་དྲན་སྐུལ་ཞུ་རྒྱུ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་ཕྲུག་རྣམས་ཀྱི་ཆེད་གཟའ་མཇུག་སློབ་གྲྭ་ཆེད་འཛུགས་ཀྱིས་རང་གི་སྐད་ཡིག་མི་ཉམས་རྒྱུན་འཛིན་གནང་བཞིན་པ་རྣམས་དང་། དབྱར་གསེང་སྐབས་རྒྱ་གར་དུ་བོད་པའི་ཤེས་ཡོན་སྡེ་ཁག་གི་ནང་བོད་ཀྱི་ཆོས་དང་རིག་གཞུང་སློབ་སྦྱོང་ཆེད་ཡོང་བཞིན་ཡོད་པར་རྡ་ས་བོད་ཕྲུག་ཁྱིེམ་སྡེ་གཙོ་བོར་གྱུར་པའི་མཐུན་འགྱུར་གནང་མཁན་ཚོགས་སྡེ་ཡོངས་ལ་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ་ཡིན།

མཐའ་དོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱིས་འགྲུབ་ཅིང་བོད་དོན་བདེན་མཐའ་མྱུར་དུ་གསལ་བ་དང་། བོད་ཕྲུག་ཁྱིམ་སྡེའི་ལས་དོན་རྣམས་སྔར་ལྷག་ཡར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས། ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༢༣ ལ།།