རྡ་སྟེང་བོད་ཁྱིམ་སློབ་གྲྭར་ཉིན་གྲངས་གསུམ་རིང་ ‘སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་བའི་བོད་མིའི་མང་གཙོ།’ ཞེས་པའི་བརྗོད་གཞིའི་ཐོག་པར་རིགས་འགྲེམས་སྟོན་གནང་བ།

༄༅། ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་༧སྐུའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་བརྩིའི་སླད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༤ པའི་ཚེས་ ༡༣ ནས་ ༡༥ བར་ཉིན་གྲངས་གསུམ་རིང་རྡ་སྟེང་བོད་ཁྱིམ་སློབ་གྲྭར་ ‘སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་བའི་བོད་མིའི་མང་གཙོ།’ ཞེས་པའི་བརྗོད་གཞིའི་ཐོག་པར་རིགས་འགྲེམས་སྟོན་ཞིག་གནང་ཡོད་པ་རེད།


དེ་ཡང་ཕྱི་ཚེས་ ༡༣ རེས་གཟའ་ཟླ་བ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་ནང་བོད་ཕྲུག་ཁྱིམ་སྡེའི་འཛིན་སྐྱོང་དྲུང་ཆེ་རྒན་མིང་ཆུང་ལགས་དང་། རྡ་སྟེང་བོད་ཁྱིམ་སློབ་གྲྭའི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས། སློབ་སྤྱི་བསྟན་འཛིན་ཆོས་སྐྱིད་ལགས། དགེ་ཆེ་རྡོ་རྗེ་ལགས། དགེ་ཆེ་དོན་གྲུབ་རྒྱལ་པོ་ལགས། སློབ་ཕྲུག་བཅས་ཚང་འཛོམས་ཐོག བོད་ཕྲུག་ཁྱིམ་སྡེའི་འཛིན་སྐྱོང་དྲུང་ཆེ་རྒན་མིང་ཆུང་ལགས་ཀྱིས་དར་ཚོན་གཅོད་འབྲེགས་དང་། མཆོད་མེ་ཞལ་འབྱེད་ཀྱིས་ཐོག་མར་འགྲེམས་སྟོན་དབུ་འབྱེད་གནང་བ་དང་། དེ་རྗེས་ཕྱི་ཚེས་ ༡༣ ནས་ ༡༥ བར་ཉིན་གྲངས་གསུམ་རིང་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་གསུམ་པ་ནས་བཅུ་གཉིས་བར་ཚོགས་ཐེངས་ཆ་བགོས་ཀྱིས་འཛིན་གྲྭ་བང་རིམ་གཞིར་བཟུང་པར་རིགས་འགྲེམས་སྟོན་ངོ་སྤྲོད་གནང་ཡོད་ཅིང་།

འགྲེམས་སྟོན་ཐོག་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་ཆེད་བཅར་ལས་བྱེད་རྣམས་ནས་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་ཁྱོན་ ༧༥༠ ལྷག་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་བའི་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་སྐོར་ལ་ཞིབ་ཕྲ་ངོ་སྤྲོད་གནང་ཐུབ་ཡོད།

འགྲེམས་སྟོན་ཐོག་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་རིན་ཆེན་ལགས་དང་། བློ་བཟང་མཚོ་མོ་ལགས། ཨ་ཤེ་བུ་མོ་ལགས། བསྟན་འཛིན་དཔལ་འབྱོར་ལགས་བཅས་ཆེད་བཅར་གནང་ཡོད་པ་བཅས།