རྡ་ས་བོད་ཀྱི་དཔེ་མཛོད་ཁང་དབུ་བརྙེས་ནས་ལོ་ངོ་ ༥༥ འཁོར་བའི་དུས་དྲན་དབུ་འབྱེད་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་དམིགས་བསལ་སྐུ་མགྲོན་དུ་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༥ ཟླ་ ༦ པའི་ཚེས་ ༡༡ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ས་བོད་ཀྱི་དཔེ་མཛོད་ཁང་ཐོག་མར་གསར་འཛུགས་བསྐྱངས་ནས་ལོ་ངོ་ ༥༥ འཁོར་བའི་དུས་དྲན་དབུ་འབྱེད་མཛད་སྒོ་ཞིག་བཞུགས་སྒར་རྡ་རམ་ས་ལའི་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་ནང་ཚོགས་འདུག

སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག གཞན་སྐུ་མགྲོན་དུ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག བཀའ་ཟུར་༧སྐྱབས་རྗེ་ཀི་རྟི་རིན་པོ་ཆེ་མཆོག དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག དཔལ་ལྡན་ཁྲིམས་ཞིབ་པ་གཞན་ཟླ་བ་ཕུན་སྐྱིད་མཆོག དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། དཔལ་ལྡན་དགའ་ལྡན་ཕོ་བྲང་དང་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་རྣམ་པ། ཚོགས་སྡེ་ཁག་གི་སྐུ་ཚབ། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་གཙོས་པའི་ད་ལྟའི་ལས་བྱེད་དང་ལས་ཟུར། དཔེ་མཛོད་ཁང་དུ་སློབ་གཉེར་གནང་བཞིན་པ་དང་གནང་མྱོང་བའི་རྒྱལ་སྤྱིའི་སློབ་ཕྲུག་རྣམ་པ་སོགས་འདུ་འཛོམས་གནང་འདུག

མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན། སྙིང་རྗེ་ཆེན་པོས་རྩོད་ལྡན་སྙིགས་མའི་ཞིང། །བཟུང་ནས་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ། །པད་དཀར་ལྟར་བསྔགས་མཚན་ཐོས་ཕྱིར་མི་ལྡོག །སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། ། དེ་རིང་ཕྱོགས་གཅིག་ནས་བོད་ཀྱི་དཔེ་མཛོད་ཁང་དབུ་བརྙེས་ནས་ལོ་ངོ་ ༥༥ འཁོར་བའི་དུས་དྲན་དང་། ཕྱོགས་གཞན་ཞིག་ནས་དེ་རིང་ནང་པ་སངས་རྒྱས་པའི་ཆོས་ལུགས་ཐོག་ནས་ང་ཚོ་བོད་ཀྱི་ལོ་ཐོ་ལྟར་བྱས་པ་ཡིན་ན་ས་ག་ཟླ་བའི་ཚེས་ ༡༥ སྟེ་དུས་ཚོད་དམིགས་བསལ་འདྲ་པོ་ཞིག་ཆགས་བསྡད་ཡོད་རེད། གོང་དུ་སྟོན་པའི་བཀའ་དྲིན་དྲན་པའི་ཐོག་ནས་དམིགས་བསལ་མཆོད་བརྗོད་ཞུ་རྒྱུའི་རྒྱུ་མཚན་གཅིག་དེ་ཡིན། རྩ་བའི་གོང་དུ་བརྙན་པར་ཐོག་ནས་རེད། དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་རེད། དེ་སྔའི་ཕྱག་ལས་གནང་མྱོང་མཁན་ཉམས་མྱོང་ཅན་མང་པོ་ཞིག་གིས་གསུང་བཤད་གནང་སོང་། དཔེ་མཛོད་ཁང་འདིས་བོད་ཀྱི་ཆོས་དང་རིག་གཞུང་ཙམ་མ་ཟད། བོད་ཀྱི་བསྟན་སྲིད་སྤྱི་ལའང་ཕན་ཐོགས་ཐུབ་པའི་དམིགས་བསལ་གྱི་སྡེ་ཚན་ཞིག་ཆགས་བསྡད་ཡོད་པ་ར་སྤྲོད་གསལ་པོ་བྱུང་སོང་། དེ་ཡིན་དུས་དེ་ཚོ་ཚང་མར་བསྔགས་བརྗོད་ཞུ་རྒྱུ་ཡིན།

བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་ཐོག་མར་འཇིག་རྟེན་ཁམས་འདིར་བྱོན་པ་ནས་བཟུང་ད་བར་ལོ་ ༢༥༠༠ ལྷག་འགྲོ་བསྡད་པའི་གནས་སྟངས་ཆགས་བསྡད་ཀྱི་ཡོད་པ་དང་། བོད་ཀྱི་ཆོས་རིག་གཞུང་གི་འབྱུང་ཁུངས་འདྲ་པོ་དེ་ནང་ཆོས་ཆགས་ཡོད་པ་གསལ་པོ་ཞེ་དྲག་རེད། དེ་འདྲའི་བརྒྱུད་རིམ་འདྲ་པོ་ཞིག་ཞུས་ན་བསམ་བྱུང་། སྟོན་པ་ཐུགས་རྗེ་ཅན་སངས་རྒྱས་པའི་རྗེས་ལ་ཆོས་འཁོར་རིམ་པ་གསུམ་བསྐོར་བ་དང་། ཆོས་འཁོར་དང་པོ་དེ་ཡུལ་ཝ་ར་ཎ་སིར་བདེན་བཞིའི་ཆོས་འཁོར་དང་། ཆོས་འཁོར་བར་མ་དེ་ཡུལ་བྱ་རྒོད་ཕུང་པོ་རིར་བཀའ་བར་མ་མཚན་ཉིད་མེད་པའི་ཆོས་འཁོར། ཆོས་འཁོར་གསུམ་པའམ་མཐའ་མ་དེ་གནས་ངེས་མེད་དང་གདུལ་བྱའང་ངེས་མེད། ཆོས་གསུངས་པ་དེའང་ཐེག་ཆེན་དང་། གསང་སྔགས་ཅི་རིགས་པ་གསུངས་ཏེ་ཆོས་འཁོར་རིམ་པ་གསུམ་བསྐོར་བའི་རྗེས་སུ་སྟོན་པ་མྱ་ངན་ལས་འདས་ཤིང་། དེའི་སྐབས་སྟོན་པས་གསུངས་པའི་ཆོས་རྣམས་ཡིག་ཐོག་ལ་བཀོད་ཡོད་མ་རེད། སྟོན་པ་མྱ་ངན་ལས་འདས་པའི་རྗེ་ལོའི་དབྱར་གནས་ཚོགས་པའི་དུས་ལ་བཀའ་བསྡུ་དང་པོ་གནང་ཞིང་། བཀའ་བསྡུ་ཟེར་དུས་སྟོན་པའི་གསུང་ཕྱོགས་བསྒྲིགས་གནང་བ་ལྟ་བུར་གོ་བ་ལེན་གྱི་འདུག ཡིན་ནའང་སྐབས་དེ་དུས་སྟོན་པའི་རྗེས་འཇུག་དགྲ་བཅོམ་པ་དང་། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། མི་བརྗེད་པའི་གཟུངས་ཐོབ་མཁན་དེ་ཚོས་ལོ་དེའི་དབྱར་དེར་སྟོན་པས་གང་གསུངས་པ་དེ་ཚོ་སྡེ་སྣོད་གསུམ་གྱི་ཐོག་འཆད་ཉན་ཆད་ལྷག་མེད་པར་གསུངས་ཐུབ་ཀྱི་ཡོད་རེད། དེ་ཡིན་དུས། ཀུན་དགའ་བོས་མདོ་སྡེ་དང་། ཉེ་བར་འཁོར་གྱིས་འདུལ་བའི་སྡེ་སྣོད། འོད་སྲུང་གིས་མངོན་པའི་སྡེ་སྣོད་བསྡུས་ནས། དེ་དུས་ཡིག་ཐོག་ལ་བཀོད་མེད་ཅིང་བློ་ལ་བསྡུས་ཞེས་པའི་ཐ་སྙད་དེ་བེད་སྤྱོད་གཏོང་གི་འདུག སྟོན་པ་མྱ་ངན་ལས་འདས་ནས་ལོ་བཅུ་འཁོར་བའི་སྐབས་བཀའ་བསྡུ་གཉིས་པ་གནང་བ་དང་། དེ་ཡང་སྟོན་པའི་ཆོས་ལ་མ་རུང་བའི་འགྲེལ་བཤད་དེ་འདྲ་ཡོང་གི་ཡོད་དུས། དེ་སེལ་རྒྱུའི་ཆེད་དུ་བཀའ་བསྡུ་གཉིས་པ་གནང་ཞིང་། དེའི་སྐབས་སུ་དགྲ་བཅོམ་པ་རྣམས་འཛོམས་ནས་འཆད་ཉན་གནང་ཡོང་དུས། སྟོན་པས་གང་གསུངས་པ་རྣམས་ཆད་ལྷག་མེད་པ་ཡོང་གི་ཡོད་རེད། དེའི་སྐབས་སུའང་བློ་ལ་བསྡུས་པ་མ་གཏོགས་དམིགས་བསལ་ཡིག་ཐོག་ལ་བཀོད་ཡོད་མ་རེད། བཀའ་བསྡུ་གསུམ་པ་དེ་སྟོན་པ་མྱ་ངན་ལས་འདས་ནས་ལོ་ ༣༠༠ རྗེས་སུ་གསུང་མཁན་རིགས་གཅིག་དང་། ཡང་ཁག་ཅིག་གིས་ལོ་ ༤༠༠ འཁོར་བའི་རྗེས་སུ་བྱུང་བ་བཅས་མཁས་པ་རྣམས་ཀྱི་བཞེད་ཚུལ་མི་འདྲ་བ་གསུང་མཁན་ཡོད་རེད། མི་བརྗེད་པའི་གཟུངས་ཐོབ་མཁན་དེ་ཚོས་གསུངས་ཡོང་དུས་ཆད་ལྷག་མེད་པ་ཡོང་གི་ཡོད་རེད་དེ། དེ་མ་ཡིན་པས་གསུངས་སྐབས་སུ་ཆད་ལྷག་ཡོང་གི་ཡོད་རེད། ཆད་ལྷག་ཡོང་དུས། བསྟན་པ་ཡུན་རིང་གནས་རྒྱུ་དང་མ་འོངས་པར་འགྲོ་བར་ཕན་པའི་ཆེད་དུ་གླེགས་བམ་དུ་བཀོད་དགོས་པ་གསུངས་པ་ལྟར། དགྲ་བཅོམ་པ་མི་བརྗེད་པའི་གཟུངས་ཐོབ་མཁན་དེ་ཚོས་གང་གསུངས་པ་རྣམས་གླེགས་བམ་དུ་བཀོད་ནས་བཞུགས་སུ་གསོལ་བ། སྐབས་དེ་དུས་གླེགས་བམ་བསྡུས་པ་ཡིན་ན་གླང་ཆེན་གྱི་ཁལ་ལྔ་བརྒྱ་འདྲ་པོ་བྱུང་ཡོད་ཅེས་བཤད་སྲོལ་ཡོད་རེད། ད་ལྟ་བཀའ་འགྱུར་པོད་བརྒྱ་ལྷག་ཙམ་ལས་ཡོད་མ་རེད། གླང་ཆེན་གྱི་ཁལ་ལ་བལྟས་པ་ཡིན་ན་གླང་ཆེན་གཅིག་གི་ཁལ་ཙམ་ལས་ཡོད་མ་རེད། སྐབས་དེ་དུས་བཀའ་མང་པོ་ཞེ་པོ་ཆགས་བསྡད་ཡོད་པ་རིམ་པས་ཉམས་ཆག་ཕྱིན་ནས་ད་ལྟ་གང་ཡོད་པ་དེ་བརྒྱ་ལྷག་ཙམ་ཆགས་བསྡད་ཡོད་རེད། དེ་འདྲའི་ཐོག་ནས་ཡིག་ཐོག་ལ་བཀོད་དེ་བཞུགས་སུ་གསོལ་ནས་མར་ཡོང་བ་ཞིག་ཆགས་བསྡད་ཀྱི་ཡོད་རེད། དེ་ནང་བཞིན་གྱི་ཐེག་ཆེན་ཐུན་མོང་བ་དང་། ཐེག་པ་ཐུན་མོང་བ། ཐེག་ཆེན་གསང་སྔགས་ཀྱི་བཀའ་བསྡུ་བྱེད་སྟངས་མི་འདྲ་བ་ཡོད་རེད། གང་ལྟར་སྟོན་པས་གསུངས་པའི་མདོ་དང་སྔགས་གཉིས་ཡིག་ཐོག་བཀོད་ནས་གླེགས་བམ་བཟོས་པ་དེ་ཡང་བཀའ་བསྡུ་གསུམ་པའི་རྗེས་ལ་བྱུང་བ་རེད། ཆོས་འབྱུང་མང་པོ་ཞིག་གི་ནང་དེ་གསལ་གྱི་འདུག དེ་འདྲའི་ཐོག་ནས་སྟོན་པས་གསུངས་པའི་ཆོས་རྣམས་ཡིག་ཐོག་བཀོད་ནས་ཉར་ཚགས་གནང་སྲོལ་དེའི་སྐབས་ནས་བྱུང་བ་ཞིག་ཆགས་ཀྱི་ཡོད་ཅིང་། བརྗོད་བྱའི་ཐོག་ནས་དབྱེ་བ་ཡིན་ན་སྡེ་སྣོད་གསུམ། བརྗོད་བྱེད་ནང་གསེས་ཀྱི་ཐོག་ནས་གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པ། སྡེ་ཚན་གྱི་ཐོག་དབྱེ་བ་མང་པོ་ཞིག་ཕྱེ་ཡོད་པ་རེད། རྩ་བའི་སངས་རྒྱས་བསྟན་པའི་བཀའ་དེ་འདྲ་བྱས་ནས་མར་ཡོང་བ་ཞིག་ཆགས་ཀྱི་འདུག དེ་སྔ་གནས་ཚུལ་ཐོན་གསལ་ཞིག་ལ། པ་ཀི་སི་ཐན་ཕྱོགས་ལ་མཆོད་རྟེན་ཞིག་གི་ནང་ནས་ནང་པའི་གསུང་རབ་དང་འབྲེལ་བའི་ཡི་གེ་ཡོད་པ་གཅིག་རྙེད་སོན་བྱུང་བ་ཞིག་གི་ཐོག་ཞིབ་འཇུག་བྱས་པ་བརྒྱུད་སྟོན་པ་མྱ་ངན་ལས་འདས་ནས་ལོ་ ༧༠༠ སྐབས་ལ་དེ་བྱུང་འདུག་ཅེས་ཤོད་ཀྱི་འདུག་པ་དང་། ད་ལྟའི་ཆར་ཡིག་རྙིང་འཁོད་པ་དེ་ཨ་རིའི་གྲོས་ཚོགས་ཀྱི་དཔེ་མཛོད་ཁང་ལ་ཡོད་རེད་ཟེར་གྱི་འདུག རྣམ་པ་ཚོ་ཉམས་ཞིབ་བྱེད་མཁན་ཡིན་ན་དེ་འདྲའི་ཐོག་ནས་ཕན་ཐོགས་ཡོད་རེད་བསམས་གྱི་འདུག དེ་ཡིན་དུས་སྟོན་པའི་གསུངས་ཐག་ཉེ་ཤོས་ལོ་ ༧༠༠ དང་། ༤༠༠། ༣༠༠ ཡི་སྐབས་ལ་ཡིག་ཐོག་བཀོད་ཡོད་པ་རེད། དེ་མ་གཏོགས་གོང་དུ་ཞུས་པ་བཞིན་གླང་ཆེན་གྱི་ཁལ་ལྔ་བརྒྱ་ཟེར་བ་དེ་རིམ་པས་ཉམས་ཆག་ཕྱིན་ནས་ད་ལྟའི་གནས་སྟངས་འདི་ཆགས་བསྡད་ཡོད་རེད། དེ་བཞིན་ཐེག་ཆེན་དར་བའི་དུས་སྐབས་སུ་ཡིག་ཐོག་ལ་ཕབ་ཡོང་དུས། ཐེག་ཆེན་གྱི་གླེགས་བམ་དེ་ཚོ་ཕྱིས་སུ་ན་ལེནྜ་དཔེ་མཛོད་ཁང་ལ་བཞག་ཡོད་རེད་ཅེས་རྒྱ་གར་གྱི་ཆོས་འབྱུང་དེ་ཚོའི་ནང་ཡོང་གི་འདུག ན་ལེནྜ་དཔེ་མཛོད་ཁང་གཏོར་བཤིག་ཕྱིན་ཚར་དུས་རིམ་པས་ཉམས་ཆག་ཕྱིན་ཚར་བའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད།

ང་ཚོ་བོད་གངས་ཅན་ལྗོངས་ལ་བསམ་བློ་གཏོང་བ་ཡིན་ན། དུས་རབས་བརྒྱད་པའི་ནང་མཁན་སློབ་ཆོས་གསུམ་ཞལ་འཛོམས་པའི་རྗེས་ལ་བསམ་ཡས་མི་འགྱུར་ལྷུན་གྱིས་འགྲུབ་པའི་གཙུག་ལག་ཁང་གསར་བཞེངས་གནང་ནས། བསམ་ཡས་གླིང་བརྒྱད་ཀྱི་ནང་སྒྲ་བསྒྱུར་རྒྱ་གར་གླིང་ཞེས་ནང་ཆོས་འཆད་ཉན་དང་བསྒྱུར་རྒྱུའི་ཐོག་དམིགས་བསལ་གྱིས་གླིང་ཞིག་ཡོད་འདུག དུས་རབས་བཅུ་གཅིག་པའི་ནང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་ལ་ཕེབས་པའི་སྐབས་ལ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་བསམ་ཡས་ལ་གདན་འདྲེན་ཞུས་ཤིང་། སྔར་རྒྱ་གར་ལ་མ་དར་བའི་གསང་སྔགས་ཀྱི་ཆོས་ཚན་མང་པོ་ཞིག་བོད་ལ་དར་ཚར་འདུག་ཅེས་ཇོ་བོ་རྗེས་བོད་ལ་དམིགས་བསལ་གྱིས་བསྔགས་བརྗོད་མཛད་འདུག སྐབས་དེ་དུས་རྒྱ་གར་ལ་ནང་ཆོས་ཉམས་འགོ་བཙུགས་ཟིན་པ་དང་། ན་ལེནྜ་དེ་བཞིན་དུས་རབས་བཅུ་གཅིག་བཅུ་གཉིས་ནང་ཉམས་ཆག་འགྲོ་བ་ཤོད་ཀྱི་འདུག ཇོ་བོ་རྗེ་དཔལ་ལྡན་ཨ་ཌི་ཤ་བོད་ལ་ཕེབས་དུས་རྒྱ་གར་ནང་ཕྱི་པ་ནང་པ་དབྱེ་བ་ཕྱེ་མི་ཐུབ་པའི་གནས་སྟངས་སྐོར་གསུངས་ཡོད་རེད། དེ་ཡིན་དུས། བོད་ནང་ལོགས་ལ་དུས་རབས་བརྒྱད་པའི་སྐབས་བསྟན་པ་དར་ཁྱབ་བྱུང་། ཇོ་བོ་རྗེས་དེའི་སྐབས་བསྟན་པ་བསྐྱར་དར་གྱི་དུས་སྐབས་ཤིག་ལ་སླེབས་བསྡད་ཡོད་རེད། སྐབས་དེར་ང་ཚོས་བྱས་རྗེས་གཅིག་གང་བཞག་འདུག་ཟེར་ན། གོང་དུ་གསུངས་གནང་སོང་། དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་སངས་རྒྱས་ཀྱི་བཀའ་རྣམས་བོད་བསྒྱུར་གནང་བ་མ་ཟད། དཀར་ཆག་བསྒྲིགས་གནང་ཡོད་པ་དེ་ཞེ་པོ་གལ་ཆེན་པོ་ཆགས་འདུག དཔེ་མཛོད་ཁང་ཞེས་མིང་འདོགས་མིན་གྱི་ཁྱད་པར་མ་གཏོགས་དཔེ་ཆ་བཞུགས་སའི་གཙུག་ལག་ཁང་ཞིག་ཡོད་པ་དང་། གཙུག་ལག་ཁང་དེའི་ནང་དཔེ་ཆ་གང་དང་གང་ཡོད་པ་དེ་དཀར་ཆག་བསྒྲིགས་ཡོད་པ་དེས་ཧ་ཅང་གི་ཕན་ཐོགས་ཆེན་པོ་བྱུང་བསྡད་པའི་གནས་སྟངས་ཆགས་བསྡད་ཀྱི་འདུག ད་ལྟ་ང་ཚོས་ཞིབ་འཇུག་བྱེད་ཡོང་དུས་དེས་ང་ཚོར་ཕན་ཐོགས་ཆེན་པོ་བྱུང་བ་དང་། དམིགས་བསལ་བོད་བརྒྱུད་ནང་བསྟན་ལ་འཛམ་གླིང་ནང་ཚང་མས་ཐུགས་སྣང་གནང་བའི་གཞི་འདྲ་པོ་རྒྱུན་མ་ཆད་པར་ང་ཚོར་བྱུང་ཐུབ་པ་དེ་ཡག་པོ་ཆགས་འདུག་ཅེས་ཞུས་ན་བསམས་བྱུང་།

དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་འདྲ་པོ་ཡིན་ན། དཔེ་ཆ་བསྡུ་རུབ་དང་ཉར་ཚགས་གནང་གི་ཡོད་རེད་ལ། ཞིབ་འཇུག་སློབ་མ་ཚོའི་ཆེད་སྐད་ཡིག་གི་སྡེ་ཚན་མང་པོ་ཞིག་ཕྱེ་ནས་ལས་རིམ་དེ་ཚོ་དབྱར་གྱི་ཆུ་བོ་ལྟར་ཡར་རྒྱས་ཡོང་བསྡད་པ་ཆགས་འདུག དཔེ་མཛོད་ཁང་ལ་ཡིན་ན། པེ་ཅིང་དང་། སོག་པོ། ཉི་འོང་སོགས་ཀྱི་དམིགས་བསལ་བཀའ་འགྱུར་དེ་འདྲའི་ཆོས་ཚན་བཞུགས་བསྡད་ཡོད་རེད། ཨེ་ཤི་ཡའི་ནང་ལོགས་ལ་གང་ལ་གང་འཚམས་ནང་ཆོས་ཤུགས་ཆེན་པོ་དར་བའི་གནས་སྟངས་ཆགས་ཡོད་པ་དང་། ད་ལྟ་ཡིན་ནའང་ཚང་མས་བློ་ཕུགས་ལྟོས་ས་འདྲ་པོ་ཞིག དཔེ་མཛོད་ཁང་འདིའི་ཐོག་ནས་ནང་ཆོས་ངོ་སྤྲོད་སོགས་ནང་ཆོས་ལ་དམིགས་བསལ་གྱི་ཞབས་ཞུ་བསྒྲུབ་དགོས་ན་དཔེ་མཛོད་ཁང་འདིའི་ནང་ནས་དམིགས་བསལ་གཅིག་གནང་ཐུབ་ན་ཕན་ཐོགས་ཤུགས་ཆེ་བ་ཡོད་པའི་ངོ་བོ་འདྲ་པོ་གསལ་པོར་བསྟན་ཐུབ་པ་དེ་ཧ་ཅང་གི་ཡག་པོ་རེད་བསམས་ཀྱི་འདུག དེ་ཡིན་དུས་དཔེ་མཛོད་ཁང་གི་འགན་ཁུར་ལས་བྱེད་ཚང་མར་བསྔགས་བརྗོད་ཞུ་རྒྱུ་དང་། ང་ཚོ་བཙན་བྱོལ་བ་ཆགས་ནས་དུས་ཚོད་ཉག་ཕྲ་བ་ཞིག་ཆགས་བསྡད་ཡོད་རེད། དུས་ཚོད་དེའི་རིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་སྐུལ་ལྕགས་དང་། དེ་བཞིན་གནས་ཡུལ་རྒྱ་གར་གཞུང་གིས་གཙོས་པའི་མཐུན་འགྱུར་གནང་མཁན་རྣམས་ཧ་ཅང་བཀའ་དྲིན་ཆེན་པོ་རེད། ང་ཚོ་བོད་མིའི་སྤྱི་ཚོགས་ནང་སྤྱི་སེམས་ཁུར་ནས་བོད་ཀྱི་དུས་ཚོད་ཧ་ཅང་ཉག་ཕྲ་བའི་སྐབས་འདིར་བོད་ཀྱི་ཆོས་དང་རིག་གཞུང་། བོད་བསྟན་སྲིད་ཀྱི་ཐོག་ལ་ཞབས་འདེགས་ཞུ་ཐུབ་པ་ཡིན་ན་མི་ཚེ་དོན་དང་ལྡན་པ་ཞིག་དང་། སོ་སོའི་མི་རིགས་ལ་བྱས་རྗེས་འཇོག་ཐུབ་པའི་སྤོབས་པ་སླེབས་ཐུབ་པ། དེ་གལ་ཆེན་པོ་ཞེ་པོ་ཆགས་ཀྱི་འདུག ད་ལྟ་གཅིག་པུར་བསམ་བློ་བཏང་བ་མ་ཡིན་པར། མ་འོངས་པའི་ང་ཚོའི་མི་རབས་དེའི་ཐོག་ནས་འཛམ་གླིང་ཐོག་དཔུང་པ་མཉམ་གཤིབ་བྱེད་ཐུབ་པའི་གནས་སྟངས་ཐོག་ཞིབ་འཇུག་བྱས་ནས་གསར་གཏོད་གནང་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག ད་ལྟ་ཕྱག་ལས་གནང་མཁན་དང་མ་འོངས་གནང་མཁན་གྱི་ཐོག་ནས་དེ་ཚོའི་ཐོག་དགོངས་པ་བཞེས་རྒྱུར་ཐུགས་ཕན་གསོ་ཡི་རེད་བསམས་ཀྱི་འདུག

བོད་ཀྱི་ཆོས་དང་རིག་གཞུང་དེས་བོད་མི་ཙམ་གྱི་ཁེ་ཕན་མ་ཡིན་པར་དེའི་རྭ་བ་ལས་བརྒལ་གྱི་ཡོད་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་གསུངས་པ་ལྟར་བོད་ཀྱི་རིག་གཞུང་དེ་འཛམ་གླིང་གི་གཅེས་ནོར་ཆགས་བསྡད་ཡོད། འཛམ་གླིང་སྤྱི་ལ་ཞི་བདེ་བསྐྲུན་ཐུབ་རྒྱུའི་རིག་གཞུང་ཞིག་ཆགས་བསྡད་ཡོད་རེད། རྣམ་པ་ཚོས་ནང་ཆོས་ཀྱི་ལོ་རྒྱུས་ལ་བལྟས་པ་ཡིན་ན། ཆོས་རྒྱལ་ཨ་ཤོ་ཀ་ཐོག་མར་དམག་འཁྲུག་ནང་ཞུགས་ནས་རྒྱལ་ཕམ་གྱི་དམག་འཐབ་གནང་ཡོད་པ་དང་། རྗེས་ལ་ནང་ཆོས་ལ་དོ་སྣང་དང་དད་པ་སླེབས་ནས་དེའི་ཐོག་བྱས་རྗེས་འཇོག་པའི་ཤིང་རྟ་ལྟ་བུ་ཆགས་བསྡད་ཡོད་རེད། རྒྱལ་པོ་དེ་འདྲ་ཞིག་འགྱུར་བ་ཐེབས་རྒྱུའི་ནུས་པ་དེའང་ནང་ཆོས་ལ་ཡོད་པ་རེད། སོ་སོ་རྡོ་ནང་བཞིན་འགྱུར་བ་གཅིག་རྐྱང་འགྲོ་མི་ཐུབ་པ་དེ་སོ་སོའི་སྐྱོན་ཡིན་པ་ལས་ནང་ཆོས་དང་རིག་གཞུང་གི་སྐྱོན་མིན་པ་དེ་རྟོགས་ཐུབ་དགོས། འགྲོ་བ་མི་སྤྱི་ཡོངས་ལ་ཕན་ཐོགས་ཐུབ་པའི་དམིགས་བསལ་གྱི་རིག་གཞུང་ཆགས་བསྡད་ཡོད་རེད། གོང་དུ་དཔེ་མཛོད་ཁང་གི་འགན་འཛིན་ནས་དཔེ་མཛོད་ཁང་ནང་ལོ་རེར་རྒྱལ་ཁབ་འདྲ་མིན་ནས་སློབ་ཕྲུག་ ༢༠༠ ལྷག་ཕེབས་ཀྱི་ཡོད་རེད་ཅེས་གསུངས་སོང་། རྒྱལ་ཁབ་མི་འདྲ་བ་ནས་ཡོང་དགོས་པའི་རྒྱུ་མཚན་དེ་ང་ཚོར་ཡོད་རེད། ཁོ་ཚོར་ཕན་ཐོགས་ནས་ཡོང་གི་ཡོད་པ་རེད་མ་གཏོགས་ཕན་ཐོགས་མེད་པར་ཡོང་གི་མ་རེད། ཕན་ཐོགས་ཐུབ་པའི་གཞི་རྩ་དེ་ང་ཚོར་ཡོད་དུས། སོ་སོའི་རིག་གཞུང་རྩ་ཆེན་དེ་གཅེས་འཛིན་དང་། དར་སྤེལ། དེར་ཆེ་མཐོང་སླེབས་ཐུབ་རྒྱུའི་སྡིངས་ཆའམ་ཁོར་ཡུག་དེ་བོད་པ་རང་གིས་བཟོ་ཐུབ་དགོས་ཀྱི་འདུག ང་ཚོ་བོད་པའི་ངོས་ནས་གཏམ་སྙན་པོ་རྐྱང་བཤད་བསྡད་ནས་ཕ་རོལ་པོར་སེམས་ཤུགས་ཆག་པ་དེ་འདྲ་ཡོང་གི་མིན་འགྲོ་བསམས་ཀྱི་འདུག ཁྱོད་རང་ཚོས་བཤད་པ་ལྟར་ཡོང་གི་མི་འདུག་ཅེས་དྲི་བ་དེ་འདྲ་སླེབས་ཀྱི་འདུག ནང་ཆོས་ཉམས་ལེན་གནང་མཁན་རྣམ་པ་ཚོས་ནང་ཆོས་ཉམས་ལེན་ཡག་པོ་བྱེད་ཐུབ་ན་རྟོགས་པ་སླེབས་རྒྱུར་རྒྱུ་མཚན་ཡོད་རེད། ཉམས་ལེན་ཡག་པོ་དང་ཚད་ལྡན་ཞིག་བྱེད་མི་ཐུབ་ན་རྟོགས་པ་རྒྱུད་ལ་སྐྱེ་མི་ཐུབ་པ་གསལ་པོ་རེད། རིག་གཞུང་གཅེས་འཛིན་ཟེར་དུས་སོ་སོའི་རིག་གཞུང་ལ་དགའ་པོ་ཡོད་པ་ཙམ་མ་ཡིན་པར། དེ་གནས་རྒྱུར་བེད་སྤྱོད་གཏོང་དགོས་པ་དང་། སྐད་ཡིག་འདྲ་ཡིན་ན་བེད་སྤྱོད་མི་གཏོང་བ་ཡིན་ན་ཉམས་འགྲོ་གི་རེད། བེད་སྤྱོད་གཏོང་རྒྱུའི་གོ་སྐབས་དེ་སོ་སོས་བཟོ་དགོས་པ་ལས་གཞན་ཞིག་གིས་སྤྲོད་ཀྱི་ཡོད་མ་རེད། དཔེར་ན། རྒྱ་མི་རིགས་ལྟ་བུ་ཤུགས་ཆེན་པོ་རེད་འདུག ང་ཚོ་མ་ལེ་ཤི་ཡའི་རྒྱལ་ཁབ་ནང་སླེབས་ཀྱི་ཡོད་རེད། རྒྱ་རིགས་ཚོང་པ་དང་གཏོང་ཕོད་ཅན་དེ་ཚོས་ཆེད་མངགས་རྒྱ་ཡིག་སློབ་སྦྱོང་བྱ་སའི་བྱིས་པའི་སློབ་གྲྭ་བཙུགས་ཏེ། སོ་སོའི་སྐད་ཡིག་ལ་དེ་ཙམ་གྱི་གལ་ཆེན་པོ་བརྩིས་ཀྱི་ཡོད་པ་མ་ཟད། སློབ་གྲྭ་དེ་ཚོ་འཛུགས་མཁན་སུ་ཡིན་མིན་ཤེས་ཀྱི་ཡོད་མ་རེད། དེ་ཡིན་དུས་མཚམས་རེ་ང་ཚོའི་སྤྱི་ཚོགས་ནང་ཏོག་ཙམ་བྱས་པ་ཡིན་ན། བྱས་རྗེས་ངོམ་བསྡད་པ་དེ་འདྲ་ཡོང་གི་འདུག དེ་ཡག་པོ་མཐོང་གི་མི་འདུག སོ་སོའི་རིག་གཞུང་ཐོག་བྱེད་དགོས་པ་དེ་སོ་སོའི་ལས་འགན་འདྲ་པོ་ཆགས་བསྡད་ཀྱི་ཡོད་རེད། བོད་པའི་རིག་གཞུང་བེད་སྤྱོད་གཏོང་སའི་ཁོར་ཡུག་དེ་འདྲ་བསྐྲུན་དགོས་པ་དང་། དེ་འདྲ་བསྐྲུན་ཐུབ་པའི་ཐོག་འཛམ་གླིང་སྤྱི་ལ་ཕན་ཐོགས་ཐུབ་པའི་ང་ཚོའི་རིག་གཞུང་དེ་གཅེས་གཉར་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག དེ་གལ་ཆེན་པོ་གཅིག་རེད་འདུག

མཐའ་མ་དེར་བོད་ཀྱི་དཔེ་མཛོད་ཁང་ནས་འདས་པའི་ལོ་ངོ་ ༥༥ རིང་ལ་བོད་ཀྱི་ཆོས་དང་། རིག་གཞུང་། ལོ་རྒྱུས་ཐོག་ལ་བྱས་རྗེས་ཆེན་པོ་བཞག་ཡོད་རེད། སོ་སོའི་མི་ཚེ་ཡིན་ནའང་དོན་དང་ལྡན་པ་ཞིག་ཡོང་བ། ལྷག་པར་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་འོག་ལ་ཕྱག་ལས་གནང་རྒྱུ་བྱུང་བ་དེ་བསྐལ་པ་བཟང་པོ་ཞིག་རེད། བསྐལ་པ་བཟང་པོ་ཡིན་པའི་ཐོག་སོ་སོས་གོ་སྐབས་ལེན་ནས་གནང་ཐུབ་པ་དེ་ཧ་ཅང་ཡག་པོ་རེད། རྣམ་པ་ཚོར་དམིགས་བསལ་གྱིས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་རླབས་ཆེན་ཐུགས་ཀྱི་དགོངས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པ། གཞིས་བྱེས་བོད་མི་མཉམ་འཛོམས་ཡོང་བའི་སྨོན་འདུན་དང་། དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་གི་ལས་དོན་ཚང་མ་ལམ་ལྷོངས་ཡོང་བའི་སྨོན་འདུན་བཅས་ཞུ་རྒྱུ་ཡིན་ཞེས་གསུངས་གནང་བ་བཅས།