རྙིང་མའི་དབུ་འཛིན་༸སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེར་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད།

༄༅། །སྔ་འགྱུར་བསྟན་པའི་གཙུག་རྒྱན་ᨊསྐྱབས་རྗེ་ཞྭ་དེའུ་འཁྲུལ་ཞིག་མཁན་ཆེན་འགྱུར་མེད་ངག་དབང་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་མཆོག་དགུང་གྲངས་ ༨༨ ཐོག་ཕྱི་ལོ་ ༢༠༡༡ ཟླ་ ༩  ཚེས་ ༢  ཉིན་གྱི་སྔ་དྲོར་སྐྱེས་བུ་དམ་པའི་རང་རྟགས་དུ་མ་དང་བཅས་དགོངས་པ་ཆོས་དབྱིངས་སུ་མནལ་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་མི་སྙན་པ་ཐོན་ཡོད་པ་དང་། སྤྱི་འཐུས་ལྷན་ཚོགས་ནས་དེ་འཕྲལ་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད།

དམ་པ་ཁོང་ནི་ཕྱི་ལོ་ ༡༩༢༣ ལོར་ཡར་འབྲོག་སྟག་ལུང་དུ་སྐུ་འཁྲུངས་ཤིང་། དགུང་གྲངས་བཞིར་སོན་སྐབས་མཁན་ཆེན་ངག་དབང་བསྟན་འཛིན་ནོར་བུ་མཆོག་གིས་རང་གི་རྩ་བའི་བླ་མ་འཁྲུལ་ཞིག་རྡོ་རྗེ་འཆང་མཆོག་གི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་གནང༌། དགུང་གྲངས་བཅུར་སོན་སྐབས་མཁན་པོ་ངག་དབང་མཁྱེན་རབ་སྐུ་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་གྲངས་བཅུ་དགུའི་སྟེང་མཁན་པོ་ངག་དབང་མཁྱེན་རབ་མཆོག་དགོངས་པ་རྫོགས་རྗེས་མཁན་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་དགོངས་བཞེད་ལྟར་འཁྲུལ་ཞིག་རིན་པོ་ཆེ་མཆོག་ནས་རྫ་རོང་ཕུ་དགོན་པའི་མཁན་པོ་མཛད། དེའི་རྗེས་མི་རིང་བར་སྨིན་གྲོལ་གླིང་དགོན་པར་ཐོས་བསམ་སློབ་གཉེར་གནང་ཆེད་དུ་ཕེབས།  དགོན་དེར་ཕེབས་རྗེས་རང་གི་རྩ་བའི་བླ་མ་གཅུང་ངག་དབང་ཆོས་དར་རིན་པོ་ཆེ་མཆོག་དང་མཁྱེན་བརྩེ་ནོར་བུ་རིན་པོ་ཆེ་མཆོག་གཉིས་ཀྱིས་མཁན་སློབ་མཛད་དེ་དགེ་སློང་གི་སྡོམ་པ་འབོགས་ཆོག་མཛད། དེ་ནས་ᨊསྐྱབས་རྗེ་དམ་པ་དེ་ཉིད་ཀྱིས་སྨིན་གྲོལ་གླིང་དགོན་པར་བདེ་ཆེན་ཆོས་འཛིན་མཆོག་གིས་གཙོས་བླ་མ་ ༣༤ ཙམ་བསྟེན་ཏེ་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་མཛད། དེ་བཞིན་ཤུག་གསེབ་རྗེ་བཙུན་རིན་པོ་ཆེ་མཆོག་དང་སྔ་འགྱུར་རྙིང་མའི་གཙུག་རྒྱན་ᨊསྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་སོགས་བླ་མར་བསྟེན། རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་དང་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག ᨊགོང་ས་ᨊསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དབུས་སྐྱེས་ཆེན་དམ་པ་བསམ་གྱིས་མི་ཁྱབ་པ་དང་ལྷན་ཐོས་བསམ་དང་དབང་ལུང་མན་ངག་གི་རྒྱུན་ཡོད་དོ་ཅོག་གསན་བཞེས་གནང་བས་རིས་མེད་བསྟན་པ་རྒྱ་མཚོའི་མངག་བདག་ཏུ་གྱུར།

ཕྱི་ལོ་ ༡༩༥༩ ལོར་ᨊགོང་ས་ᨊསྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ᨊཞབས་སོར་འཁོད་རྗེས། ᨊསྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་ཀྱང་གངས་ལ་བརྒྱུད་ཤར་ཁུམ་བུ་ཐང་སྨད་དགོན་དུ་བཙན་བྱོལ་ལ་ཕེབས་ནས་ཁུལ་དེར་ལོ་གཅིག་བཞུགས་ནས་སྤྱི་དབང་བྱང་ཆུབ་ཆོས་གླིང་དགོན་པར་སྤོ་གནང་མཛད་དེ་ལོ་ལྔ་བཞུགས།  དེའི་རྗེས་ཐུབ་བསྟན་ཆོས་གླིང་དགོན་པ་ཕྱག་བཏབ་སྟེ་དགེ་བཙུན་གང་མང་ལ་ཆོས་དང་ཟང་ཟིང་གི་སྦྱིན་པས་བཀའ་དྲིན་བསྐྱངས་པ་སོགས་བསྟན་འགྲོར་སྨན་པའི་མཛད་འཕྲིན་བླ་མེད་བསྐྱངས་གནང་མཛད་ཡོད།

༢༠༡༠ ཕྱི་ཟླ་ ༣ ཚེས་ ༡༡ ཉིན་ནས་ཉེ་སྔོན་ཞི་བར་མ་གཤེགས་བར་སྔ་འགྱུར་རྙིང་མའི་དབུ་འཛིན་གྱི་མཚན་གནས་མཛད་འགན་བཞེས་གནང་ཡོད་པ་དང༌།     ལྷག་པར་དུ་དམ་པ་དེ་ཉིད་ཀྱིས་སྤྱི་ནོར་ᨊགོང་ས་ᨊསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་དང་མཛད་འཕྲིན་རྒྱས་ཕྱིར་ཐུགས་འཁུར་བླ་མེད་བཞེས་གནང་མཛད་ཐོག་ᨊརྒྱལ་བའི་དགོངས་པ་ཇི་བཞིན་བོད་བསྟན་སྲིད་ཀྱི་དོན་ཆེན་སླད་མཛད་རྗེས་རླབས་ཆེན་འཇོག་གནང་མཛད་པ་དང༌།     གཞན་ཕན་ལྷག་བསམ་དང་མཁན་བཙུན་བཟང་གསུམ་གྱི་མཚན་སྙན་ནི་ཡུལ་གྲུ་ཀུན་ལ་ཁྱབ་པར་གྱུར་ཏེ། ᨊགོང་ས་ལྷ་མིའི་རྣམ་འདྲེན་ᨊསྐྱབས་མགོན་ᨊརྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་གཙོས་སྐྱེས་ཆེན་དམ་པ་རྣམས་ཀྱིས་བསྟེན་ཅིང་དབུ་ཡི་གཙུག་ཏུ་བཀུར་བའི་བླ་མ་ཞིག་ཏུ་གྱུར་ཡོད་པ་བཅས་སྐྱེས་བུ་དམ་པའི་རང་རྟགས་ཁྱད་འཕགས་ཅན་བདག་གིར་བཞེས་པ་སོགས་མཆོག་ཏུ་བཀུར་འོས་ཤིག་ཡིན།

 

གྲོས་ཆོད།

གོང་འཁོད་སྐྱེས་བུ་དམ་པའི་མཛད་པ་འཕྲིན་ལས་མཐའ་ཡས་པ་བསྐྱངས་པ་རྣམས་ལ་གུར་བཀུར་ཆེ་བསྟོད་ཞུ་རྒྱུ་དང༌། ᨊསྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཤེགས་པ་འདིས་བོད་བསྟན་སྲིད་སྤྱི་དང༌། ཁྱད་པར་གང་གི་སྐྱོང་ཡུལ་སྔ་འགྱུར་བསྟན་པར་རྐྱེན་ངན་གོད་ཆག་ཆེན་པོ་ཞིག་བྱུང་བ་ནི་བརྗོད་མི་དགོས་པར་བརྟེན། མགོན་པོ་གང་ཉིད་ཀྱི་སློབ་ཚོགས་ཡོངས་དང༌།   ལས་སྣེ་སྐུ་འཁོར་བཅས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཡིད་གདུང་དྲག་པོའི་སྒོ་ནས་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུ་དང༌། གང་གི་ཐུགས་དགོངས་ཟབ་མོ་རྣམས་ཡོངས་སུ་རྫོགས་ཤིང༌།  སླར་ཡང་བསྟན་འགྲོའི་མགོན་དཔུང་དམ་པར་ཡང་སྲིད་མཆོག་སྤྲུལ་མྱུར་དུ་འབྱོན་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས་ཀྱི་གྲོས་ཆོད་དུ།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༦  ལ།།

 

 

 

གྲོས་འཆར་འདོན་མཁན། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས།