ཊོཀ་ཡོ་སྤྱི་བསྒྲགས།
རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༩ པ།
ཕྱི་ལོ་ ༢༠༢༥ ཟླ་ ༦ པའི་ཚེས་ ༢ ནས་ ༤ བར། ཉི་འོང་རྒྱལ་ས་ཊོཀ་ཡོ།
ཕྱི་ལོ་ ༢༠༢༥ ཟླ་ ༦ པའི་ཚེས་ ༢ ནས་ ༤ བར་ཉི་འོང་རྒྱལ་ས་ཊོཀ་ཡོར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐོག་བཅར་མཁན་གྲོས་ཚོགས་འཐུས་མི་རྣམ་པས་གཤམ་གསལ་ལྟར་ཊོཀ་ཡོ་སྤྱི་བསྒྲགས་སྤེལ་བ།
ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་ཝ་ཤིང་ཊོན་སྤྱི་བསྒྲགས་གཞིར་བཟུང་། ཕྱིའི་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་ཁག་ཅིག་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་བཞུགས་སྒར་རྡ་རམ་ས་ལར་ཕེབས་ཏེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཁག་ལ་མཇལ་མོལ་གནང་ཡོད་པར་དགའ་ཚོར་ཆེན་པོ་བྱུང་།
ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་ཚོགས་པའི་རྗེས་ལ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཇེ་མང་དུ་ཕྱིན་པར་བསྔགས་བརྗོད་ཞུ་རྒྱུ།
གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་ཏེ། ཉི་འོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་ཉི་འོང་རྒྱལ་ས་ཊོཀ་ཡོར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པ་བསྐོང་ཚོགས་སླད་ཟུང་སྦྲེལ་གོ་སྒྲིག་ཞུ་རྒྱུའི་ཐུགས་འགན་བཞེས་པར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ།
ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་ཚོགས་པ་རྗེས་ལ། ཨ་རི་དང་། ཁེ་ན་ཌ། ཅེཀ་སྤྱི་མཐུན་རྒྱལ་ཁབ། ཡུ་རོབ་གྲོས་ཚོགས། ནི་ཐར་ལན་ཌི། ཨོ་སི་ཀྲོ་ལི་ཡ་རྒྱལ་ཁབ་སོགས་རྒྱལ་སྤྱིའི་ནང་བོད་དོན་དང་འབྲེལ་བའི་གྲོས་ཆོད་སོགས་གཏན་འབེབས་གནང་བར་དགའ་བསུ་ཞུ་རྒྱུ་ཡིན།
དཔལ་ལྡན་ཚོགས་གཙོ་སྦྲེལ་པོས་དབུ་ཁྲིད་པའི་བོད་མི་མང་སྤྱི་འཐུས་རྣམ་པས་རྒྱ་གར་དང་། ཡུ་རོབ་རྒྱལ་ཁབ་ཁག་གི་ནང་བོད་དོན་ཞུ་སྐུལ་གནང་ཡོད་པར་དགའ་ཚོར་ཆེན་པོ་བྱུང་།
ཕྱི་ལོ་ ༡༩༥༠ ལོར་རྒྱ་ནག་དམར་གཞུང་གིས་བོད་ལ་དྲག་པོའི་བཙན་འཛུལ་མ་བྱས་པའི་གོང་ལ། བོད་དེ་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་དང་བསྐྱར་ནན་བྱ་རྒྱུ།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གམ། ཡང་ན་མང་གཙོའི་ལམ་ནས་བདམས་ཐོན་བྱུང་བའི་བོད་མིའི་དབུ་ཁྲིད་རྣམས་དང་ལྷན་དོན་ཕན་ལྡན་པའི་གྲོས་མོལ་སླར་གསོ་ཡོང་བར་རྒྱ་ནག་དམར་གཞུང་ལ་སྐུལ་འདེད་བྱ་རྒྱུ།
རྒྱ་ནག་དམར་གཞུང་གིས་བོད་ནང་གདུག་སྦྱོང་མནར་གཅོད་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར། བོད་མི་རྣམས་ཀྱིས་སོ་སོའི་རང་དབང་དང་། ཐོབ་ཐང་ཆེད་མུ་མཐུད་འབད་བརྩོན་བྱ་རྒྱུ།
བཙན་གནོན་ཐོག་མི་རིགས་མཉམ་བསྲེས་ཀྱིས་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏོང་བ་དང་། གཏན་འཇགས་སློབ་གྲྭར་སློབ་འཇུག་བྱེད་འཇུག་རྒྱུ་སོགས་བོད་ནང་མུ་མཐུད་རྒྱ་ནག་དམར་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་བྱ་རྒྱུ།
བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་བའི་སྲིད་བྱུས་ཀྱིས་བོད་ཀྱི་རིག་གཞུང་དང་། ཡུལ་སྲོལ་གོམ་གཤིས་ཀྱི་རྨང་གཞི་རྩ་མེད་གཏོང་གི་ཡོད་པ་དེར་སྐྱོན་བརྗོད་ཤུགས་ཆེ་བྱ་རྒྱུ།
རྒྱ་ནག་དམར་གཞུང་གིས་རང་དབང་ལུང་པའི་ནང་བསྡད་པའི་བོད་མི་རྣམས་ལ་གསང་མྱུལ་དང་། འཇིགས་སྐུལ། བཙན་བྱོལ་སྤྱི་ཚོགས་ནང་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་བཞིན་པར་ཐུགས་འཚབ་དང་། དཔེར་ན། ཝི་ཏི་ནམ་ནང་སྤྲུལ་སྐུ་རིག་འཛིན་ཧུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་འཛིན་བཟུང་བཀག་ཉར་འོག་སྐུ་གཤེགས་རྐྱེན་གསལ་ཁ་མེད་པ་ལྟ་བུ།
རྒྱ་ནག་དམར་གཞུང་གིས་འཛིན་བཟུང་འོག་ཡོད་པའི་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་དབུས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཕྲལ་མར་གློད་བཀྲོལ་བཏང་ནས་ཆོད་དད་རང་དབང་དང་། སྨྲ་བརྗོད་རང་དབང་། འདུ་འཛོམས་རང་དབང་བཅས་ལོངས་སྤྱོད་བྱེད་འཇུག་དགོས་པ་དང་། བོད་མིའི་འཚོ་བར་རོལ་འཇུག་དགོས།
བོད་མི་རྣམས་ཀྱི་རང་དབང་འཐབ་རྩོད་དང་། རིག་གཞུང་སྲུང་སྐྱོབ་ཐོག་བཟང་སྤྱོད་དང་། དཔལ་འབྱོར་གྱི་མཐུན་འགྱུར་རྒྱབ་སྐྱོར་ཡོང་བར་རྒྱལ་སྤྱིའི་གཞུང་ཁག་ལ་ཞུ་སྐུལ་བྱ་རྒྱུ་དང་། བོད་ཕྱི་ནང་གི་བོད་མིའི་ནུས་སྟོབས་གོང་སྤེལ་ཡོང་བར་སྲིད་བྱུས་དང་ལས་གཞིའི་ཐོག་ནས་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་གནང་རྒྱུ།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཕེབས་རྒྱུའི་ལམ་ལུགས་མུ་མཐུད་གནས་རྒྱུ་ནི་བོད་མི་དང་། བོད་བརྒྱུད་ནང་བསྟན་རྗེས་འབྲངས་པ་ཙམ་ལ་གལ་ཆེན་པོ་ཞིག་ཆགས་པ་མ་ཡིན་པར། ཞི་བདེ་དང་། རང་དབང་འདོད་མཁན་གྱི་རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་ལའང་དེ་མཚུངས་ཀྱི་གལ་ཆེན་པོ་ཆགས་ཀྱི་ཡོད་པར་ཡིད་ཆེས་ཤུགས་ཆེ་བྱེད་ཀྱི་ཡོད།
བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུལ་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ལམ་ལུགས་དེ་བཞིན་ཆོས་ལུགས་ཁོ་ནའི་བྱ་བ་ཞིག་ཡིན་ཞིང་། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་ཐེ་བྱུས་བྱེད་མི་ཆོག་པ།
བོད་ལ་འཛམ་གླིང་གི་སྣེ་གསུམ་པ་ཞེས་འབོད་སྲོལ་ཡོད་པ་ལྟར། ཨར་ཊིག་ (Arctic) དང་། ཨན་ཊར་ཊིག་ (Antarctic) ཕུད་པའི་བོད་ནི་གཙང་ཆུ་མང་ཤོས་ཆགས་ཀྱི་ཡོད་ཅིང་། ཨེ་ཤི་ཡའི་ཆུ་བོ་ཆེ་ཁག་གི་འབྱུང་ཁུངས་ཆགས་ཀྱི་ཡོད་པ། དེ་བཞིན་དོ་ཕོག་སྐྱེན་པའི་རང་བྱུང་ཁོར་ཡུག་བཅས་ལ་ངོས་འཛིན་པའི་ཐོག་དེ་དག་སྲུང་སྐྱོབ་བྱེད་དགོས་པ།
རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་ལ་མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གལ་གནད་ངོས་འཛིན་གྱིས་སྐྱེ་དངོས་ཁམས་ལ་སྲུང་སྐྱོབ་དང་། ས་ཁམས་མཐོ་བའི་ཁོར་ཡུག་ལ་གཅེས་སྤྲད་བྱ་རྒྱུ།
བོད་ཀྱི་ཁོར་ཡུག་གི་གལ་གནད་དང་། བོད་མིའི་ཐོབ་ཐང་སྐོར་རྒྱལ་སྤྱིའི་ནང་གོ་རྟོགས་སྤེལ་རྒྱུ་དང་། གོ་ལའི་གནམ་གཤིས་དང་། ཁོར་ཡུག་དང་འབྲེལ་བའི་ཚོགས་ཆེན་ཁག་གི་ནང་བོད་མིའི་མགྲིན་ཚབ་པ་སླེབས་ཐུབ་པ་བྱ་རྒྱུ།
རྒྱ་ནག་དམར་གཞུང་གིས་བོད་ས་བཙན་བཟུང་བྱས་པ་དག་སྐྱེལ་བྱེད་ཐབས་སླད། བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཟེར་བ་ལྟ་བུའི་ལོ་རྒྱུས་ཀྱི་དངོས་ཡོད་གནས་ཚུལ་ལོག་འགྲེལ་རིགས་ལ་དགག་ལན་བྱ་རྒྱུ་སོགས་ཀྱི་ཐོག་གྲོས་ཚོགས་འཐུས་མི་རྣམ་པས་མུ་མཐུད་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་གཏན་འབེབས་ཡོང་བར་སྐུལ་མ་བྱ་རྒྱུ།
བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་དང་། རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་བྱ་རྒྱུ།
རྒྱ་ནག་དམར་གཞུང་གིས་བོད་ (Tibet) ཞེས་པའི་ཚབ་ཏུ་ (Xizang) ཞེས་བེད་སྤྱོད་བྱེད་བཞིན་པར་ངོས་ལེན་མི་བྱ་རྒྱུ།
རྒྱ་ནག་ལ་ཁ་གཏད་གཅོད་ཆེད་བཙུགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པ་ (Inter-Parliamentary Alliance on China (IPAC)) སོགས་བསམ་ཕྱོགས་མཐུན་པའི་གྲོས་ཚོགས་འཐུས་མི་རྣམ་པས་མཉམ་ལས་གནང་རྒྱུར་སྐུལ་མ་བྱ་རྒྱུ།
བོད་དོན་ཐོག་ལས་དོན་ཚགས་ཚུད་སྤེལ་རྒྱུར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དབར་མཉམ་ལས་ཀྱི་ནུས་པ་ཤུགས་ཆེ་རུ་གཏོང་རྒྱུ་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ལྷན་ཚོགས་ (INPaT) ཀྱིས་འབྲེལ་མཐུད་ཀྱི་འགན་ཁུར་གཙོ་བཞེས་གནང་རྒྱུ།
ཊོཀ་ཡོ་སྤྱི་བསྒྲགས་ Tokyo Declaration ངོ་མ་དེ་བཞིན་ཨིན་ཡིག་ཐོག་སྤེལ་ཡོད་པས་ནང་དོན་ལ་འགལ་བ་བྱུང་ཚེ་ཨིན་ཡིག་ཐོག་ཡོད་པར་རྩ་འཛིན་ཞུ་རོགས།