༄༅། ། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པའི་ཉིན་གཉིས་པའམ་མཐའ་མ་ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༤ ཉིན་གྱི་ཚོགས་འདུའི་ཐོག་ཊོཀ་ཡོ་སྤྱི་བསྒྲགས་ (Tokyo Declaration) དང་། མ་འོངས་པའི་ཊོཀ་ཡོ་ལག་བསྟར་འཆར་གཞི་ (Tokyo Action Plan) སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་གོ་སྟོན་སྲུང་བརྩི་དང་འབྲེལ་རླབས་ཆེན་གྱི་མཛད་རྗེས་ལ་ཡི་རངས་ཆེ་བསྟོད་དང་འབྲེལ་བའི་གྲོས་ཆོད་གཅིག་བཅས་གཏན་འབེབས་གནང་རྗེས། ཐེངས་འདིའི་ཚོགས་འདུ་རྒྱལ་ཁའི་ངང་མཇུག་བསྒྲིལ་གནང་ཡོད།
དེ་ཡང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་གྱི་ཉིན་གཉིས་པ། སྔ་དྲོའི་ཚོགས་ཐུན་དང་པོར། སྤྱི་འཐུས་བསྟན་འཛིན་ཆོས་འཛིན་མཆོག་གིས་གཙོ་སྐྱོང་གནང་བའི་ཐོག རྒྱ་ནག་མང་གཙོ་དོན་གཉེར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཝང་ ཏའི་ (Wang Dai) ལགས། ཉི་འོང་ཁུལ་ལ་རྟེན་གཞི་བྱས་པའི་ཡུ་གུར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཧྥུ་མེ་ཊོ་ རེ་ཊེ་པུ་ (Afumetto Retepu) ལགས། ལྷོ་སོག་ལྷན་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་ཨོལ་ཧུ་ན་ཌི་ ཌཡེ་ཅིན་ (Olhonud Daichin) ལགས། ཧོང་ཀོང་མང་གཙོ་དང་རང་དབང་ཚོགས་པ་ (Lady Liberty Hong Kong) ཞེས་པ་གསར་འཛུགས་གནང་མཁན་སྐུ་ཞབས་ཨེལ་རིཀ་ ལི་ (Alric Lee) ལགས། ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ལྕམ་སྐུ་ལིན་ ཤིན་ དབྱི་ (Lin Hsin Yi) ལགས་བཅས་ཀྱིས་ “ཐུན་མོང་གི་དཀའ་ངལ་ལ་གདོང་ལེན་བྱ་རྒྱུར་ཐུན་མོང་གི་གཞི་རྟེན་འཚོལ་བ། མཉམ་སྦྲེལ་གྱི་ནུས་པ་གོང་མཐོར་བཏང་སྟེ་རྒྱ་ནག་གི་གནོན་ཤུགས་ལ་གདོང་ལེན་བྱ་རྒྱུ།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྗེས། གྲོས་ཚོགས་འཐུས་མི་རྣམ་པས་དགོངས་ཚུལ་བརྗེ་ལེན་དང་དྲི་བ་དྲིས་ལན།
ཚོགས་ཐུན་གཉིས་པར། སྦེལ་འཇམ་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨེལ་སི་ ཝན་ ཧོབ་ (Hon. Els Van HOOF) མཆོག་གིས་ཚོགས་འདུ་གཙོ་སྐྱོང་གནང་བའི་ཐོག ཨོ་སི་ཊོ་རི་ཡའི་གྲོས་ཚོགས་འཐུས་མི་དང་། ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཧེ་ནེ་སི་ ཧཡེ་ཌི་ (Hon. Hannes Heidi) མཆོག་དང་། ཉི་འོང་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཝ་ཊ་ན་བྷེ་ ཤུ་ (Hon. Watanabe Shu) མཆོག ཅི་ལེ་གྲོས་ཚོགས་འོག་མའི་འཐུས་མི་དང་། ཚོགས་ཟུར་སྐུ་ཞབས་ཝེ་ལ་ཌོ་ མི་རཱོ་སེ་ཝིག་ ཝར་ཌུ་གྷོ་ (Dy. Vlado Mirosevic Verdugo) མཆོག་བཅས་ཀྱིས་ “དངོས་ཡོད་གནས་ཚུལ་དང་མཐུན་པའི་ཐོག་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་རྣམ་པས་མཐུན་འགྱུར་རྒྱབ་སྐྱོར་གང་གནང་ཐུབ་མིན།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། གྲོས་ཚོགས་འཐུས་མི་རྣམ་པས་དགོངས་ཚུལ་བརྗེ་ལེན་དང་དྲི་བ་དྲིས་ལན་གྱི་ལས་རིམ།
ཚོགས་ཐུན་གསུམ་པར། ནིའུ་ཛེ་ལན་ཌི་གྲོས་ཚོགས་འཐུས་མི་ཟུར་པ་དང་། རྒྱ་ནག་ལ་ཁ་གཏད་ཆེད་བཙུགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་སྦྲེལ་ཚོགས་པ་ (IPAC) ཡི་ཟུང་སྦྲེལ་ཚོགས་ཟུར་སྐུ་ཞབས་སི་མོན་ ཨོ་ ཀོ་ནོར་ (Hon. Simon O’Connor) མཆོག་གིས་ཚོགས་འདུ་གཙོ་སྐྱོང་གནང་བའི་ཐོག ཁེ་ན་ཌ་རྒྱལ་ཁབ་ཀྱི་ཁྲིམས་དོན་བློན་ཆེན་དང་། ཁྲིམས་དོན་སྤྱི་ཁྱབ་ཟུར་པ་སྐུ་ཞབས་ཨ་རིབ་ ཝི་ར་ནི་ (Hon. Arif Virani) མཆོག རྒྱ་གར་གྲོས་ཚོགས་འཐུས་མི་དང་། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཟུར་པ་སྐུ་ཞབས་སུ་ཇིཏ་ ཀུ་མར་ (Hon. Sujeet Kumar) མཆོག ཅེག་གྲོས་ཚོགས་ཀྱི་རྒྱལ་ཁབ་བདེ་འཇགས་ཚོགས་ཆུང་གི་ཚོགས་གཙོ་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་པཱ་ཝེལ་ ཛ་ཅེག་ (Hon. Pavel Žáček) མཆོག་བཅས་ཀྱིས་ “བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་དང་། མ་འོངས་མདུན་བསྐྱོད།” ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། གྲོས་ཚོགས་འཐུས་མི་རྣམ་པས་དགོངས་ཚུལ་བརྗེ་ལེན་དང་དྲི་བ་དྲིས་ལན་གྱི་ལས་རིམ་བཅས་བསྐྱངས་ཡོད་འདུག
ཉིན་རྒྱབ་ཚོགས་ཐུན་བཞི་པར། ཚོགས་བཅར་བ་རྣམ་པ་ཚོགས་ཆུང་ཆ་བགོས་ཀྱིས་ ༡) ཐུན་མོང་གི་དཀའ་ངལ་ལ་གདོང་ལེན་བྱ་རྒྱུར་ཐུན་མོང་གི་གཞི་རྟེན་འཚོལ་བ། མཉམ་སྦྲེལ་གྱི་ནུས་པ་གོང་མཐོར་བཏང་སྟེ་རྒྱ་ནག་གི་གནོན་ཤུགས་ལ་གདོང་ལེན་བྱ་རྒྱུ། ༢) དངོས་ཡོད་གནས་ཚུལ་དང་མཐུན་པའི་ཐོག་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་རྣམ་པས་མཐུན་འགྱུར་རྒྱབ་སྐྱོར་གང་གནང་ཐུབ་མིན། ༣) བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་དང་། མ་འོངས་མདུན་བསྐྱོད་ཅེས་པའི་བརྗོད་གཞི་ཁག་གི་ཐོག་བཀའ་བསྡུར་དང་། ཚོགས་ཆུང་གི་ཚོགས་གཙོས་ཚོགས་ཆུང་ནང་བཀའ་བསྡུར་ཇི་བྱུང་སྙན་ཐོ་རིམ་པས་སྙན་སྒྲོན་དང་། དེ་རྗེས་གྲོས་ཚོགས་འཐུས་མི་རྣམ་པས་བརྙན་ལམ་བརྒྱུད་གསུང་བཤད་གནང་སོང་།
དེ་ནས་ཚོགས་བཅར་བ་རྣམ་པས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༩ པའི་ཊོཀ་ཡོ་བསྒྲགས་གཏམ་དང་། མ་འོངས་པའི་ཊོཀ་ཡོ་ལག་བསྟར་འཆར་གཞི་གཏན་འབེབས་དང་འབྲེལ། རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཇ་ཝ་ཧར་ལལ་ནེ་རུ་གཙུག་ལག་སློབ་གཉེར་ཁང་གི་ཤར་ཨེ་ཤེ་ཡའི་སྡེ་ཚན་གྱི་རྒྱ་ནག་ཐོག་གི་སློབ་དཔོན་ཆེན་མོ་དང་། རྒྱལ་སྤྱིའི་རིག་པའི་སྡེ་ཚན་གྱི་འགན་འཛིན་ཟུར་པ་སྐུ་ཞབས་ཤི་རི་ཀན་ཐཱ་ ཀོན་ཌ་པ་ལི་ (Prof. Srikanth Kondapalli) ལགས་ཀྱིས་སྙན་སྒྲོན་གནང་ཡོད།
མཐར་མཇུག་བསྡོམས་མཛད་སྒོ་དེ་བཞིན་ཉི་འོང་བོད་ཀྱི་སྐུ་ཚབ་དོན་གཅོད་འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་གཙོ་སྐྱོང་གནང་བའི་ཐོག ཉི་འོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཡཱ་མཱ་ཌ་ ཧི་རཱོ་ཤི་ (Hon.Yamada Hiroshi) མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་།
དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་དོན། ཐོག་མར་ཚོགས་ཆེན་འདིའི་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་དང་གསུང་འཕྲིན་བསྩལ་བར་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན། དེང་གི་ཆར་ཞི་བདེ་རྒྱ་མཚོ་དང་། ལྷོ་ཤར་ཨེ་ཤི་ཡའི་ཁུལ་ལ་དཔལ་འབྱོར་ཡར་རྒྱས་ཤུགས་ཆེ་འགྲོ་བཞིན་པ་དང་། ས་ཁམས་ཆབ་སྲིད་ཀྱི་གལ་གནད་གཞིར་བཞག་པའི་ཐོག་ད་ལན་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པ་དེ་བཞིན་ཉི་འོང་དུ་བསྐོང་ཚོགས་ཐུབ་པ་དེ་བསྔགས་འོས་སུ་གྱུར་བ་ཞིག་ཆགས་ཀྱི་ཡོད་ཅིང་། དེ་ལྟར་གོ་སྒྲིག་ཞུ་ཐུབ་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ལྷན། ཚོགས་འདུ་ཟུང་སྦྲེལ་གོ་སྒྲིག་ཞུ་མཁན་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་མཐུན་འགྱུར་རམ་འདེགས་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཚོགས་ཆེན་འདིའི་ཐོག་ནས་བོད་དང་། ཉི་འོང་དབར་སྔར་ཡོད་ཀྱི་མཛའ་བརྩེའི་འབྲེལ་བའི་ཐོག་ལ་རྣམ་པ་གསར་པ་ཞིག་བསྣན་པ་ཆགས་ཀྱི་ཡོད། དེ་དང་ཆབས་ཅིག ཚོགས་ཆེན་ཐོག་དྲྭ་ལམ་དང་དངོས་སུ་མཉམ་ཞུགས་གནང་མཁན་གྲོས་ཚོགས་འཐུས་མི་དང་། ཉམས་ཞིབ་པ། གཏམ་བཤད་གནང་མཁན། ལས་འགུལ་བ། ཚོགས་སྡེ་ཁག་གི་སྐུ་ཚབ་བཅས་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྱེད་རྣམ་པ་འདིར་མཉམ་ཞུགས་གནང་བ་དེས། གདུང་སེམས་མཉམ་སྐྱེད་ནི་འབོད་ཚིག་ཙམ་མ་ཡིན་པའི་དཔང་རྟགས་གསལ་པོ་བསྟན་ཡོད་ཅེས་དང་།
དེ་བཞིན་ཨ་རིའི་རྒྱལ་ཡོངས་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་དང་། དཔལ་འབྱོར་མཐུན་འགྱུར་གནང་མཁན། སྐད་སྒྱུར་བ། ཕྱི་དྲིལ་ལས་ཁུངས་ཀྱི་སྒྲ་བརྙན་ཚན་པ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས། ཕྱི་རྒྱལ་ཁག་ནས་ཕེབས་པའི་སྐུ་ཚབ་དོན་གཅོད་རྣམ་པ། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་བཅས་ནས་ལས་དོན་ཐོག་ལ་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུ་དང་། ལྷག་པར་དུ་ཉི་འོང་བོད་ཀྱི་སྐུ་ཚབ་དོན་གཅོད་གཙོས་པའི་དེ་གའི་ལས་བྱེད་རྣམ་པས་ཐེངས་འདིའི་ཚོགས་ཆེན་གོ་སྒྲིག་ཞུ་རྒྱུའི་འཆར་གཞི་བཏིང་བ་ནས་བཟུང་ཚོགས་འདུ་མཇུག་མ་བསྒྲིལ་གྱི་བར་དུ་ཕྱར་གྲུ་མཉམ་འདེགས་གནང་བར་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུས་གནང་སོང་།
གཞན་ཡང་དཔལ་ལྡན་ཚོགས་གཞོན་མཆོག་གིས་གསུངས་དོན། ཉིན་གཉིས་ཀྱི་ཚོགས་འདུའི་ཐོག་བོད་ནང་རྒྱ་ནག་དམར་གཞུང་འོག འགྲོ་བ་མིའི་ཐོབ་ཐང་མེད་པ་དང་། ཁོར་ཡུག་གཏོར་སྐྱོན། རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན། ཆོས་དད་རང་དབང་མེད་པ་སོགས་གལ་ཆེའི་ཛ་དྲག་གནད་དོན་མང་པོ་ཞིག་གི་ཐོག་ལ་ལྷན་ཚོགས་བསྐྱངས་པ་དེ་དག་ཚང་མ་འགྲོ་བ་མིའི་གཞི་རྩའི་རིན་ཐང་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཀྱི་ཡོད་དུས། རྒྱལ་མཚམས་མེད་པར་ཚང་མ་དང་འབྲེལ་བ་ཡོད་སྐོར། དེ་བཞིན་བོད་ནང་རྒྱ་དམར་གཞུང་གིས་གདུག་རྩུབ་ཅན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱས་པའི་རྐྱེན་གྱིས་བོད་མི་རྣམས་འ་ཆད་འུ་ཐུག་གིས་རང་ལུས་མེར་བསྲེགས་གཏོང་དགོས་པའི་གནས་སྟངས་ཆགས་ཡོད་པའི་སྐོར། རྒྱ་ནག་དམར་གཞུང་གིས་གནས་ཚུལ་ངོ་མ་སྦས་གསང་བྱས་ནས་བོད་ལ་ཞི་བའི་བཅིངས་གྲོལ་དང་། ཡར་རྒྱས་བཏང་ཡོད་ཚུལ་གྱི་གནས་ཚུལ་རྫུན་བཟོ་ལོག་འགྲེལ་བྱེད་བཞིན་ཡོད་པ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག ང་ཚོའི་ངོས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་པའི་ཐོག་བོད་རྒྱ་གཉིས་མཉམ་གནས་ཡོང་ཐབས་བྱེད་བཞིན་ཡོད་པ། རྒྱ་ནག་དམར་གཞུང་ལ་ལོ་རྒྱུས་དང་། ཆབ་སྲིད། བཟང་སྤྱོད། ཁྲིམས་ལུགས་གང་གི་ཐད་ནས་ཀྱང་བོད་ལ་འཛིན་སྐྱོང་བྱ་རྒྱུའི་ཁྲིམས་མཐུན་གྱི་གནས་བབ་མེད་པ་དང་། རྒྱ་ནག་དམར་གཞུང་གིས་ཁྲིམས་མཐུན་གྱི་གནས་བབ་བཟོ་རྒྱུར་རྒྱལ་ཁབ་གཞན་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་པ། བོད་རྒྱའི་རྩོད་རྙོག་དེ་བཞིན་རྒྱ་ནག་ནང་ཁུལ་གནད་དོན་ཞིག་རྩ་བ་ནས་མིན་པར། རྒྱལ་སྤྱིའི་གནད་དོན་ཞིག་ཆགས་ཀྱི་ཡོད་པ། ཡུ་གུར་དང་། ལྷོ་སོག རྒྱ་ནག་མང་གཙོ་ཚོགས་པ། ཧོང་ཀོང་། ཐེ་ཝན་བཅས་ཀྱི་སྐུ་ཚབ་ཀྱང་འདིར་མཉམ་ཞུགས་གནང་བ་དེས་ང་ཚོ་ཐུན་མོང་ཐོག་དྲང་བདེན་དང་། འགྲོ་བ་མིའི་ཐོབ་ཐང་། རིན་ཐང་བཅས་ཀྱི་ཐོག་འབད་བརྩོན་གནང་གི་ཡོད་པ་མཚོན་གྱི་ཡོད་པ། ད་ལན་ཚོགས་ཆེན་ཐོག་ཊོཀ་ཡོ་སྤྱི་བསྒྲགས་དང་། ལག་བསྟར་འཆར་གཞི། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་གོ་སྟོན་སྲུང་བརྩི་དང་འབྲེལ་རླབས་ཆེན་གྱི་མཛད་རྗེས་ལ་ཡི་རངས་ཆེ་བསྟོད་དང་འབྲེལ་བའི་གྲོས་ཆོད་གཅིག་གཏན་འབེབས་གནང་ཐུབ་པ་བྱུང་ཡོད་སྐོར་སོགས་གསུངས་གནང་རྗེས།
ཚོགས་འདུ་གོ་སྒྲིག་ཞུ་མཁན་དང་། ཟིན་བྲིས་ཚོགས་ཆུང་ནས་གསར་འགོད་གསལ་བསྒྲགས་སྤེལ་ཏེ། ཐེངས་འདིའི་ཚོགས་ཆེན་དེ་བཞིན་རྒྱལ་ཁའི་ངང་མཇུག་བསྒྲིལ་གནང་ཡོད་པ་བཅས། །