༄༅། །ཉི་འོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཐུན་མོང་གི་གོ་སྒྲིག་འོག ཉི་འོང་རྒྱལ་ས་ཊོཀ་ཡོར་རྟེན་གཞི་བྱས་པའི་ཉི་འོང་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ལྷན་ཚོགས་ཚོགས་ཁང་ནང་ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༣ ནས་ ༤ བར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པ་དེ་བཞིན་དངོས་སུ་དབུ་འཛུགས་གནང་སོང་།
ད་རེས་ཀྱི་ཚོགས་ཆེན་འདིའི་ཐོག་ཉི་འོང་གཙོས་པའི་རྒྱལ་ཁབ་ཁག་མི་འདྲ་བ་ ༢༩ ཡི་གྲོས་ཚོགས་འཐུས་མི་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག དཔལ་ལྡན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག བོད་མི་མང་སྤྱི་འཐུས་ཁག་ཅིག ཕྱི་དྲིལ་དྲུང་ཆེ། སྐུ་ཚབ་དོན་གཅོད་རྣམ་པ། གཞན་ཡང་ཕྱི་ནང་གི་མཁས་དབང་དང་། མི་རིགས་འདྲ་མིན་གྱི་ལས་འགུལ་བ་སོགས་ཚོགས་བཅར་བ་ཁྱོན་མི་གྲངས་ ༡༤༢ ལྷག་ཙམ་དངོས་སུ་མཉམ་ཞུགས་གནང་ཡོད་འདུག
དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༢༠ ཐོག་ཚོགས་བཅར་བ་རྣམ་པ་ལྷན་འཛོམས་གནང་རྗེས། ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་ཤིང་། སྐབས་དེར་ཐོག་མར་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཨི་རི་ཀོ་ ཡཱ་མཱ་ཊ་ནི་ (Eriko Yamatani) མཆོག་གིས་དགའ་བསུའི་གསུང་བཤད་དང་།
དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཚང་མར་དགའ་བསུའི་འཚམས་འདྲི་དང་སྦྲགས་ཚོགས་ཆེན་གྱི་དགོས་དམིགས་དང་། འབྱུང་རིམ་སྐོར་ངོ་སྤྲོད་དང་། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས། ཐེངས་འདིའི་ཚོགས་ཆེན་གྱི་ལས་རིམ་ངོ་སྤྲོད་སྙིང་བསྡུས་སོགས་ཀྱི་གསུང་བཤད་ (ཞིབ་ཕྲ།) གནང་སོང་།
སྐུ་མགྲོན་གཙོ་བོ་ཉི་འོང་གྲོས་ཚོགས་གོང་མའི་ཚོགས་གཙོ་ཟུར་པ་དང་། ཉི་འོང་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཨ་ཀི་ཀོ་ སན་ཊོ་ (Hon. Akiko Santo) མཆོག་གིས་གཙོ་བོ་གསུངས་དོན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སླད་སྐུ་ངལ་ཆེན་པོ་བསྐྱོན་ཡང་། རྒྱ་ནག་དམར་གཞུང་གིས་བོད་ནང་མུ་མཐུད་བོད་ཀྱི་རིག་གཞུང་དང་། སྐད་ཡིག་སོགས་ལ་དམ་བསྒྲགས་ཤུགས་ཆེར་བྱས་ཏེ་ད་ཆ་རྩ་བརླག་འགྲོ་རྒྱུའི་ཉེན་ཁ་ཡོད་པའི་སྐོར་དང་། བོད་ནང་རང་དབང་ཞི་བདེའི་ཁོར་ཡུག་ཅིག་ཡོང་ཐབས་སུ་ཚང་མས་མཉམ་རུབ་ཐོག་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་དགོས་པ། ཚོགས་འདུ་འདིའི་ཐོག་གྲོས་ཚོགས་འཐུས་མི་རྣམ་པས་ཕན་ཚུན་བཀའ་བསྡུར་ལྷུགས་པོ་གནང་སྟེ་ཕན་ཚུན་འབྲེལ་བ་སྔར་ལྷག་དམ་ཟབ་གཏོང་རྒྱུ་དང་། བོད་རྒྱའི་རྩོད་རྙོག་སེལ་ཐབས་སུ་ནུབ་ཕྱོགས་ཀྱི་གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་དགོས་པ་གལ་ཆེན་པོ་ཡིན་པ་སོགས་གསུངས་གནང་སོང་།
དམིགས་བསལ་སྐུ་མགྲོན་ཉི་འོང་གི་སྲིད་བློན་ཟུར་པ་སྐུ་ཞབས་ཤིན་ཛོ་ ཨ་བྷེ་ (Hon. Shinzo Abe) དམ་པ་མཆོག་གི་སྐུ་ཟླ་ལྕམ་སྐུ་ཨེ་ཀཡེ་ ཨ་བྷེ་ (Akie Abe) མཆོག་གིས་གཙོ་བོ་གསུངས་དོན། དེ་སྔ་ཁོང་གི་སྐུ་ཟླ་སྲིད་བློན་ཟུར་པ་སྐུ་ཞབས་ཤིན་ཛོ་ ཨ་བྷེ་ (Hon. Shinzo Abe) དམ་པ་མཆོག་འདས་གྲོངས་སུ་གྱུར་སྐབས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་དང་། སྟོན་པའི་སྐུ་བརྙན་སྩལ་བའི་སྐོར་དྲན་གསོ་དང་འབྲེལ། འདས་པོ་ཁོང་གི་སྐུ་པར་མདུན་དུ་སྟོན་པའི་སྐུ་བརྙན་དེ་བཞག་སྟེ་རྟག་ཏུ་སྨོན་ལམ་འདེབས་ཀྱི་ཡོད་པའི་སྐོར་དང་། དེ་སྔ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་ཉི་འོང་དུ་མཇལ་འཕྲད་གནང་སྐབས། རྒྱ་ནག་དམར་གཞུང་གིས་གནོན་ཤུགས་སྤྲད་ཡོད་པའི་སྐོར། དེ་བཞིན་ཁོང་གི་སྐུ་ཟླ་དམ་པ་ཁོང་འཚོ་བཞུགས་སྐབས་རྟག་ཏུ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་དགོས་སྐོར་གསུང་མཁན་ཞིག་དང་། བོད་ནང་གི་གནས་སྟངས་ཐོག་ཐུགས་ཁུར་ཆེ་བཞེས་གནང་མཁན་ཞིག་ཡིན་པ། ལྕམ་སྐུ་ཁོང་གིས་ཀྱང་མུ་མཐུད་བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་བཅས་གནང་སོང་།
ཧི་གྷ་ཤི་ཧོང་ཝན་ཇི་དགོན་པའི་མཁན་ཐོག་ ༢༥ པ་ཆུ་ཇུན་ ཨོ་ཊཱ་ནི་ (Rev. Chojun Ohtani) མཆོག་གིས་གཙོ་བོ་དེ་སྔ་ཕྱི་ལོ་ ༢༠༡༦ ཟླ་ ༡༡ པའི་ཚེས་ ༩ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཧོང་ཝན་ཇི་དགོན་པར་ (Hongwanji Temple) ཆིབས་བསྒྱུར་གནང་སྐབས་མཇལ་འཕྲད་གནང་བའི་སྐོར་དང་། དེ་བཞིན་བདེ་སྐྱིད་ནི་མི་ཚེའི་དགོས་འདུན་སྙིང་པོ་ཡིན་པ་དང་། དེ་ཡོང་བར་བྱམས་པ་དང་། སྙིང་རྗེའི་སེམས་པ་རང་ཉིད་རྒྱུད་ལ་རྟག་ཏུ་སྐྱེ་ཐུབ་དགོས་པ་སོགས་ཀྱི་གསུང་བཤད་གནང་སོང་།
དེ་ནས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མཱའི་ཀལ་ མེག་ཀཱོལ་ (Hon. Michael McCaul) མཆོག་དང་།
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནེན་སི་ པི་ལོ་སི་ (Hon. Nancy Pelosi) མཆོག་རྣམ་གཉིས་ཀྱིས་བརྙན་ལམ་བརྒྱུད་གསུང་བཤད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་སྙན་སྒྲོན་སྒྲོག་སྦྱངས་བཅས་གནང་རྗེས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་བའི་མང་གཙོ་ཞེས་པའི་བརྙན་ཐུང་གཟིགས་འབུལ་ཞུས་པ་དང་འབྲེལ་ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོ་ལེགས་གྲུབ་བྱུང་ཞིང་། དབུ་འབྱེད་མཛད་སྒོ་དེ་བཞིན་ཉི་འོང་བོད་ཀྱི་སྐུ་ཚབ་དོན་གཅོད་འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་གཙོ་སྐྱོང་གནང་ཡོད་པ་རེད།
དེ་རྗེས་སྔ་དྲོ་ཚོགས་ཐུན་གཉིས་པར། ཉི་འོང་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨུ་ར་ནོ་ ཡ་སུ་ཊོ་ (Hon. Urano Yasuto) མཆོག་གིས་ཚོགས་འདུ་གཙོ་སྐྱོང་གནང་བའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་དང་།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་རི་ཆ་ཌི་ གྷེར་(Richard Gere) ལགས་ཀྱིས་བརྙན་ལམ་བརྒྱུད་གསུང་བཤད།
ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་བོད་ནང་དངོས་སུ་དཀའ་སྡུག་མྱངས་བའི་མྱོང་ཚོར་སྐོར་ལ་གསུང་བཤད་བཅས་གནང་རྗེས། ཚོགས་བཅར་བ་རྣམ་པས་དགོངས་ཚུལ་བརྗེ་ལེན་དང་བཀའ་བསྡུར་ལྷུགས་པོ་གནང་ཡོད།
ཚོགས་ཐུན་གསུམ་པར། ཐེ་ཝན་རྒྱལ་གཉེར་ཀྲུང་ཤིན་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དང་། ཐེ་ཝན་མང་གཙོ་ཐེབས་རྩ་ཁང་གི་ཚོགས་གཞོན་སྐུ་ཞབས་ཁྲེན་ མུ་མིན་ (Dr. Mumin Chen) ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བའི་ཐོག རྒྱ་གར་གཞུང་ཚབ་ཟུར་པ་དང་། བོད་ནང་བཙན་རྒྱལ་རིང་ལུགས་པའི་རོལ་རྩེད་དང་། འཚོ་གནས་དང་མངའ་དབང་ཆེད་འཐབ་རྩོད་ (Imperial Games in Tibet: The Battle for Survival and Sovereignty) ཅེས་པའི་དཔེ་དེབ་རྩོམ་པ་པོ་སྐུ་ཞབས་དྷི་ལིབ་ སིན་ཧཱ་ (Amb. Dilip Sinha) ལགས་ཀྱིས་ “བོད་དོན་འགྲེལ་བརྗོད་དང་། རྒྱ་ནག་དམར་གཞུང་གི་གནས་ཚུལ་རྫུན་བཟོ་འཁྱོག་བཤད་ལོག་འགྲེལ་རིགས་ལ་གདོང་ལེན་གནང་ཕྱོགས།” ཞེས་པའི་བརྗོད་གཞིའི་ཐོག་ལ་གསུང་བཤད་དང་། ཉི་འོང་ཝ་སི་དྷ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་ལྕམ་སྐུ་ཨི་ཤི་ཧཱ་མཱ་ ཡོ་མི་ཀོ་ (Ms. Ishihama Yomiko) ལགས་ཀྱིས་ “སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐོག་རྒྱ་ནག་དམར་གཞུང་གིས་ཐེ་བྱུས་དང་། བདག་དབང་ཡོད་ཚུལ་གྱི་ལོག་འགྲེལ་སྐོར།” ལ་གསུང་བཤད་བཅས་གནང་རྗེས། གྲོས་ཚོགས་འཐུས་མི་རྣམ་པས་དགོངས་ཚུལ་བརྗེ་ལེན་དང་དྲི་བ་དྲིས་ལན་གྱི་ལས་རིམ་བསྐྱངས་ཡོད།
ཚོགས་ཐུན་བཞི་པར། ཉི་འོང་གི་གྲགས་ཅན་གསར་འགོད་པ་དང་། བརྙན་འཕྲིན་ལས་རིམ་གཙོ་སྐྱོང་བ། རྩོམ་པ་པོ། ཆབ་སྲིད་ལས་འགུལ་བ། ཉི་འོང་བསམ་མཛོད་བསྟི་གནས་ཁང་ (Japan Institute for National Fundamentals) ཞེས་པའི་འགན་འཛིན་ལྕམ་སྐུ་ཡོ་ཤི་ཀོ་ ས་ཀུ་རཡེ་ (Yoshiko Sakurai) ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བའི་ཐོག མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐོག་གི་དམིགས་བསལ་ཆེད་མཁས་མི་སྣ་ཟུར་པ་སྐུ་ཞབས་ཧྥར་ནན་ཌི་ ཌེ་ ཝ་རེ་ནེསི་ (Fernand De Varennes) ལགས་དང་། ཉི་འོང་འགྲོ་བ་མིའི་ཐོབ་ཐང་བལྟ་ཞིབ་ཁང་གི་སྐུ་ཞབས་ཊེ་པེ་ ཀཱ་སཡེ་ (Teppei Kasai) ལགས་རྣམ་གཉིས་ཀྱིས་ “རྒྱ་ནག་གཅིག་སྡུད་དབང་འཛིན་གཞུང་གིས་མང་གཙོའི་སྒྲིག་འཛུགས་དང་། འགྲོ་བ་མིའི་ཐོབ་ཐང་ལ་ཉེན་ཁ།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་སི་ཊེ་ཧྥིན་ ཤཱི་ནེཀ་ (Stephen Schneck) ལགས་ཀྱིས་བརྙན་ལམ་བརྒྱུད་གསུང་བཤད་བཅས་གནང་རྗེས། གྲོས་ཚོགས་འཐུས་མི་རྣམ་པས་དགོངས་ཚུལ་བརྗེ་ལེན་དང་དྲི་བ་དྲིས་ལན་གྱི་ལས་རིམ་བསྐྱངས་ཡོད།
ཚོགས་ཐུན་ལྔ་པར། དཔལ་ལྡན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་གཙོ་སྐྱོང་གནང་བའི་ཐོག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་དང་།
ཉི་འོང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཉམས་ཞིབ་པ་ཀི་ཊཡེ་ ཌཡེ་སུ་ཀེ་ (Kitai Daisuke) ལགས་རྣམ་གཉིས་ཀྱིས་ “རྒྱལ་འབྲེལ་ཐབས་ལམ་གོང་མཐོར་བཏང་ནས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་དཀའ་ངལ་མཉམ་སྦྲེལ་ཐོག་ནས་སེལ་རྒྱུའི་ཐབས་ལམ།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྗེས། གྲོས་ཚོགས་འཐུས་མི་རྣམ་པས་དགོངས་ཚུལ་བརྗེ་ལེན་དང་དྲི་བ་དྲིས་ལན་གནང་བ་དང་། དེ་རྗེས། གྲོས་ཚོགས་འཐུས་མི་རྣམ་པས་བརྙན་ལམ་བརྒྱུད་གསུང་འཕྲིན་གནང་སྟེ། ཚོགས་ཐུན་ལྔ་པ་གྲོལ་ཡོད།
ཚོགས་ཐུན་དྲུག་པར། རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཇ་ཝ་ཧར་ལལ་ནེ་རུ་གཙུག་ལག་སློབ་གཉེར་ཁང་གི་ཤར་ཨེ་ཤེ་ཡའི་སྡེ་ཚན་གྱི་རྒྱ་ནག་ཐོག་གི་སློབ་དཔོན་ཆེན་མོ་དང་། རྒྱལ་སྤྱིའི་རིག་པའི་སྡེ་ཚན་གྱི་འགན་འཛིན་ཟུར་པ་སྐུ་ཞབས་ཤི་རི་ཀན་ཐཱ་ ཀོན་ཌ་པ་ལི་ (Prof. Srikanth Kondapalli) ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བའི་ཐོག བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཉམས་ཞིབ་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་ ”དོ་ཕོག་སྐྱེན་པའི་མཐོ་སྒང་བོད་ཀྱི་སྐྱེ་ཁམས་མ་ལག་སྐོར་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། རྒྱ་གར་བསམ་མཛོད་བསྟི་གནས་ཁང་ (Center for Policy Research) ཞེས་པའི་སློབ་དཔོན་ཆེན་མོ་ཟུར་པ་སྐུ་ཞབས་བྷརཱ་མཱ་ ཅེ་ལཱ་ནེ་ (Professor Brahma Chellaney, Professor Emeritus) མཆོག་གིས་ ”བོད། ཨེ་ཤེ་ཡའི་ཆུ་མཛོད།” ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྗེས། གྲོས་ཚོགས་འཐུས་མི་རྣམ་པས་དགོངས་ཚུལ་བརྗེ་ལེན་དང་དྲི་བ་དྲིས་ལན་གནང་ཡོད།
ཚོགས་ཐུན་བདུན་པར། ཚོགས་བཅར་བ་རྣམ་པ་ས་གནས་གཞིར་བཟུང་ཚོགས་ཆུང་ཆ་བགོས་ཀྱིས་ ༡) བོད་དོན་འགྲེལ་བརྗོད་དང་། རྒྱ་ནག་དམར་གཞུང་གི་གནས་ཚུལ་རྫུན་བཟོ་འཁྱོག་བཤད་ལོག་འགྲེལ་རིགས་ལ་གདོང་ལེན་གནང་ཕྱོགས། ༢) རྒྱ་ནག་གཅིག་སྡུད་དབང་འཛིན་གཞུང་གིས་མང་གཙོའི་སྒྲིག་འཛུགས་དང་འགྲོ་བ་མིའི་ཐོབ་ཐང་ལ་ཉེན་ཁ། ༣) རྒྱལ་འབྲེལ་ཐབས་ལམ་གོང་མཐོར་བཏང་ནས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་དཀའ་ངལ་མཉམ་སྦྲེལ་ཐོག་ནས་སེལ་རྒྱུའི་ཐབས་ལམ། ༤) མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གལ་གནད་དང་། རྒྱ་ནག་དམར་གཞུང་གི་དྲག་གནོན་སྲིད་བྱུས་འོག་བོད་ཀྱི་ཁོར་ཡུག་ལ་ཤུགས་རྐྱེན་བཅས་ཀྱི་བརྗོད་གཞི་ཁག་གི་ཐོག་སྐར་མ་བཅུ་རེ་བགྲོ་གླེང་གནང་རྗེས། ཚོགས་ཆུང་གི་ཚོགས་གཙོས་ཚོགས་ཆུང་ནང་བཀའ་བསྡུར་ཇི་བྱུང་སྙན་ཐོ་རིམ་པས་སྙན་སྒྲོན་གནང་སྟེ། ཉིན་དང་པོའི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་ཡོད།
གཞི་རྩའི་ད་བར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༨ ཚོགས་ཟིན་ཅིང་། ཚོགས་ཆེན་ཐེངས་དང་པོ་དེ་བཞིན་ཕྱི་ལོ་ ༡༩༩༤ ལོར་རྒྱ་གར་རྒྱལ་ས་ལྡི་ལིར་བསྐོང་ཚོགས་དང་། གཉིས་པ་ཕྱི་ལོ་ ༡༩༩༥ ལོར་ལི་ཐུ་ཝེ་ནི་ཡའི་གྲོང་ཁྱེར་ཝིལ་ནི་ཡ་ས་དང་། གསུམ་པ་ཕྱི་ལོ་ ༡༩༩༧ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན། བཞི་པ་ཕྱི་ལོ་ ༢༠༠༥ ལོར་སི་ཀོ་ཊི་ལེན་ཌིའི་རྒྱལ་ས་ཨི་ཌིན་བྷརྒ། ལྔ་པ་ཕྱི་ལོ་ ༢༠༠༩ ལོར་ཨི་ཊ་ལི་རྒྱལ་ས་རོམ། དྲུག་པ་ཕྱི་ལོ་ ༢༠༡༢ ལོར་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝ། བདུན་པ་ཕྱི་ལོ་ ༢༠༡༩ ལོར་ལ་ཊི་ཝི་ཡའི་རྒྱལ་ས་རི་ག བརྒྱད་པ་ཕྱི་ལོ་ ༢༠༢༢ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན། ད་ཐེངས་དགུ་པ་དེ་བཞིན་ཕྱི་ལོ་ ༢༠༢༥ ལོར་ཉི་འོང་རྒྱལ་ས་ཊོཀ་ཡོར་འཚོགས་གནང་བཞིན་ཡོད་པ་བཅས།