༄༅། །ཚང་མར་བཀྲ་ཤིས་བདེ་ལེགས། སྐུ་མགྲོན་གཙོ་བོ་ཉི་འོང་གྲོས་ཚོགས་གོང་མའི་ཚོགས་གཙོ་ཟུར་པ་དང་། ཉི་འོང་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཨ་ཀི་ཀོ་ སན་ཏོ་ (Hon. Akiko Santo) མཆོག་དང་། དམིགས་བསལ་སྐུ་མགྲོན་ཉི་འོང་གི་སྲིད་བློན་ཟུར་པ་སྐུ་ཞབས་ཤིན་ཛོ་ ཨ་བྷེ་ (Hon. Shinzo Abe) དམ་པ་མཆོག་གི་སྐུ་ཟླ་ལྕམ་སྐུ་ཨེ་ཀཡེ་ ཨ་བྷེ་ (Akie Abe) མཆོག ཧི་གྷ་ཤི་ཧོང་ཝན་ཇི་དགོན་པའི་མཁན་ཐོག་ ༢༥ པ་ཆུ་ཇུན་ ཨོ་ཊཱ་ནི་ (Rev. Chojun Ohtani) མཆོག ཉི་འོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཨི་རི་ཀོ་ ཡཱ་མཱ་ཊ་ནི་ (Hon. Eriko Yamatani) མཆོག་དང་། དྲུང་ཆེ་སྐུ་ཞབས་ཡཱ་མཱ་ཌ་ ཧི་རཱོ་ཤི་ (Hon. Yamada Hiroshi) མཆོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག དཔལ་ལྡན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག གྲོས་ཚོགས་འཐུས་མི་རྣམ་པ་དང་གནད་ཡོད་སྐུ་མགྲོན་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་ཡིན།
ད་ལན་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པའི་ཐོག་འཛམ་གླིང་རྒྱལ་ཁབ་ཁག་འདྲ་མིན་ནས་ཕེབས་པའི་གྲོས་ཚོགས་འཐུས་མི་དང་། གནད་ཡོད་སྐུ་མགྲོན་རྣམ་པ། རྒྱལ་སྤྱིའི་གསར་འགོད་པ་བཅས་ཡོངས་ལ་ཕེབས་བསུ་ཞུ་རྒྱུ་བྱུང་བར་དགའ་སྤོབས་ཆེན་པོ་བྱུང་། ཁྱེད་རྣམ་པ་མཛད་བྲེལ་ཆེན་པོ་ཡིན་ཡང་ཆེད་མངགས་དུས་ཚོད་བཏོན་ཏེ་བོད་དོན་ཐོག་རྒྱབ་སྐྱོར་དང་། གདུང་སེམས་མཉམ་སྐྱེད་གནང་བར་ངས་ཐོག་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་སྐབས་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གི་ནང་འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་རྐྱེན་གྱིས་གྲོས་ཚོགས་འཐུས་མི་མང་པོ་ཞིག་དངོས་སུ་ཚོགས་བཅར་ཐུབ་མེད་ཀྱང་། ཁོང་རྣམ་པས་བརྙན་ལམ་བརྒྱུད་ཚོགས་འདུར་གསུང་འཕྲིན་གནང་བའི་ཐོག་ནས་བོད་ཀྱི་རང་དབང་འཐབ་རྩོད་ཐོག་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེར་བསྟན་ཡོད། གཞན་ཚོགས་ཆེན་ཐོག་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་གྲོས་ཚོགས་འཐུས་མི་ཟུར་པ་ཁག་ཅིག་ཀྱང་མཉམ་ཞུགས་གནང་ཡོད། ཐེངས་འདིའི་ཚོགས་འདུའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཡིག་ཐོག་གསུང་འཕྲིན་ཕེབས་པ་སྙན་སྒྲོན་ཞུ་རྒྱུ་དང་། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་གྱི་བརྙན་ཐུང་གཟིགས་འབུལ། བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་དངོས་སུ་དཀའ་སྡུག་མྱངས་བའི་མྱོང་ཚོར་སྐོར་ལ་འགྲེལ་བརྗོད་སོགས་ཀྱི་ལས་རིམ་ཡོད། གོ་སྐབས་འདི་བརྒྱུད་ཚོགས་བཅར་བ་ཡོངས་ལ་བསྐྱར་དུ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
མང་གཙོའི་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་རྣམ་པ་ལྷན་འཛོམས་ཀྱིས་ཞིབ་མོལ་ལྷུགས་པོར་གནང་སྟེ་བོད་དོན་ཐོག་ཚད་དང་ལྡན་པའི་རྒྱབ་སྐྱོར་ཐོབ་ཐབས་སུ་ལོ་གསུམ་རེའི་མཚམས་ལ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་བསྐོང་ཚོགས་གནང་གི་ཡོད་ཅིང་། དེ་ཡང་ཕྱི་ལོ་ ༡༩༩༤ ལོར་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དང་པོ་ཚོགས་པ་དང་། ཚོགས་ཆེན་ཐེངས་བརྒྱད་པའམ་མཐའ་མ་དེ་བཞིན་ཕྱི་ལོ་ ༢༠༢༢ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་ཚོགས་ཡོད་པ་རེད། སྐབས་དེའི་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་ པི་ལོ་སི་ (Speaker Emerita Nancy Pelosi) མཆོག་དང་། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་ མེག་གྷོ་ཝན་ (Representative Jim McGovern) མཆོག་རྣམ་གཉིས་ཀྱིས་གཙོས་འཛམ་གླིང་རྒྱལ་ཁབ་ཁག་མི་འདྲ་བ་ ༢༨ ནས་ཚོགས་བཅར་བ་ཁྱོན་ ༡༠༠ ལྷག་མཉམ་ཞུགས་གནང་ཡོད་པ་དང་། ཆབས་ཅིག་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་ (Congressional Executive Commission on China) མདུན་དུ་ “བོད་ཀྱི་དཀའ་རྙོག་སེལ་ཐབས་ཐོག་འཕྲད་བཞིན་པའི་དཀའ་ངལ།” ཞེས་པའི་བརྗོད་གཞིའི་ཐོག་བོད་དོན་ཉན་ཞིབ་ལ་ཕེབས་གནང་ཡོད་ཅིང་། དེའི་སྐབས་རྒྱལ་སྤྱིའི་རྩོད་རྙོག་འདུམ་འགྲིག་ཚོགས་པ་ཀིརི་དཱ་ (Kreddha) ཞེས་པའི་འཛིན་སྐྱོང་ཚོགས་གཙོ་དང་། རྒྱལ་སྤྱིའི་ཁྲིམས་ཀྱི་སློབ་དཔོན་ཆེན་མོ་སྐུ་ཞབས་མེ་ཀལ་ ཝན་ ལྦལ་ཊ་ པཱ་རག་ (Prof. Michael Van Walt Praag) མཆོག་དང་། རྒྱ་རིགས་ལོ་རྒྱུས་སློབ་དཔོན་ཆེན་མོ་སྐུ་ཞབས་ལིག་ ཧན་ ཧྲེང་ (Professor Hon-Shiang Lau, Retired Chair Professor, City University of Hong Kong) མཆོག་རྣམ་གཉིས་ཀྱིས་བོད་དེ་ལོ་རྒྱུས་ཐོག་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པའི་ཉམས་ཞིབ་ཀྱི་དཔང་རྟགས་གསལ་སྟོན་གནང་ཡོད།
ཕྱི་ལོ་ ༢༠༢༤ ལོར་ཨ་རིའི་གྲོས་ཚོགས་ནས་ལོ་རྒྱུས་རང་བཞིན་ལྡན་པའི་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་ཡོད་པ་དང་། དེར་ངས་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀའི་གྲོས་ཚོགས་འཐུས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྲིམས་ཡིག་དེས་རྒྱ་དམར་གཞུང་གིས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ལུགས་སྒྲོགས་བཞིན་པར་གདོང་ལེན་དང་། བོད་དེ་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་གསལ་སྟོན་གནང་ཡོད། ལོ་རྒྱུས་ཀྱི་དོན་དངོས་དེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་ལྗགས་རྩོམ་མཛད་པའི་བོད་དང་བོད་མིའི་མགྲིན་ཚབ་ (Voice for the Voiceless) ཅེས་པའི་ཕྱག་དེབ་ནང་ལའང་གསལ་པོར་འཁོད་འདུག དེ་བཞིན་འདི་ལོ་ཕྱི་ཟླ་ ༤ པའི་ནང་ནི་ཐར་ལན་ཌི་གྲོས་ཚོགས་འོག་མའི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་རྒྱ་ནག་གཞུང་ལ་ཐེ་བྱུས་བྱེད་དབང་མེད་པའི་སྐོར་དང་། ཡུ་རོབ་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་དགོས་པ་སོགས་གཙོ་བོར་བཀོད་པའི་བོད་དོན་གྲོས་ཆོད་ཅིག་གཏན་འབེབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ཚོགས་ཆེན་གྲོལ་བའི་རྗེས་ལ། དེ་འདྲ་བའི་བོད་དོན་ཐོག་རྒྱབ་སྐྱོར་གྱི་གྲོས་ཆོད་གང་མང་ཞིག་རྒྱལ་ཁབ་མང་པོའི་ནང་གཏན་འབེབས་ཡོང་བའི་རེ་བ་ཞུ་ཡི་ཡོད།
རྒྱ་ནག་དམར་གཞུང་འོག འགྲོ་བ་མི་སྤྱི་ཡོངས་ཀྱི་བདེ་དོན་ཐོག་ཞབས་འདེགས་ཞུ་ཐུབ་རྒྱུའི་ནུས་པ་ཡོད་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་ཕྱུག་པོ་ཡོད་པ་དེ་བཞིན་ད་ཆ་རྩ་བརླག་དང་། བོད་མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་མེད་བཅས་འགྲོ་རྒྱུའི་ཉེན་ཁ་འཕྲད་བཞིན་ཡོད། དེ་བཞིན་རང་བྱུང་སྐྱེ་ཁམས་ཕུན་སུམ་ཚོགས་པ་དང་། ཤིན་ཏུ་ཚོར་སྣང་སྐྱེན་པའི་མཐོ་སྒང་བོད་ཀྱི་ཁོར་ཡུག་ནས་ཚད་ལས་འདས་པའི་གཏེར་ཁ་སྔོག་འདོན་དང་། ཆུ་རགས་བརྒྱབ་ནས་རང་བྱུང་ཁོར་ཡུག་གཏོར་སྐྱོན། བོད་ཕྲུག་ཚོའི་རང་མི་རིགས་ཀྱི་སྐད་ཡིག་བསླབ་རྒྱུའི་ཐོབ་ཐང་བཙན་འཕྲོག་གིས་རྒྱའི་བཅའ་སྡོད་སློབ་གྲྭའི་ནང་བཙན་ཤེད་ཐོག་སློབ་འཇུག་བྱེད་འཇུག་གི་ཡོད་པ། ཆབ་སྲིད་བཙོན་པ་རྣམས་ལ་སྡུག་སྦྱོང་མནར་གཅོད་དང་ཚེ་སྲོག་འཕྲོག་པ་སོགས་བོད་ནང་བོད་མི་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡོངས་རྫོགས་འཕྲོག་ཡོད།
རྒྱ་དམར་གཞུང་གིས་གདུག་རྩུབ་ཇེ་ཆེར་བཏང་ནས་ད་ཆ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་སྤེལ་བཞིན་ཡོད་ཅིང་། ཁེ་ན་ཊ་དང་། ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་སོགས་རྒྱལ་ཁབ་མང་པོ་ཞིག་དང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ ༥༠ ལས་བརྒལ་བ། རྒྱལ་སྤྱིའི་ཚོགས་པ་ཁག་མང་པོས་རྒྱ་ནག་དམར་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་ཀྱི་ཡོད་པར་ངོས་འཛིན་གནང་བའི་ཐོག སྐྱོན་བརྗོད་ཀྱི་ཞིབ་འཇུག་སྙན་ཐོ་མང་པོ་འདོན་སྤེལ་བྱས་ཡོད། ཨིན་ཡུལ་རྒྱལ་ཡོངས་དྲྭ་རྒྱའི་བདེ་འཇགས་ཚན་པ་ (National Cyber Security Centre) ཡིས་བོད་མི་དང་། ཡུ་གུར་བ། ཐེ་ཝན་མི་མང་བཅས་ལ་རྒྱ་ནག་ནས་དྲྭ་རྒྱའི་ཉེན་ཁ་བཟོ་བཞིན་ཡོད་པའི་ཉེན་བརྡ་ཞིག་བཏང་བ་དང་། དེ་བཞིན་ཉེ་ཆར་ཨ་རིའི་མེ་ཊ་ (Meta) ཡིས་འདོན་སྤེལ་བྱས་པའི་སྙན་ཐོའི་ནང་དུའང་རྒྱ་ནག་དམར་གཞུང་གིས་སྤྱི་ཚོགས་དྲྭ་རྒྱ་ལོག་པར་བེད་སྤྱོད་བྱས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་དམིགས་ནས་གནས་ཚུལ་རྫུན་བཟོ་དང་ལོག་འགྲེལ་བྱེད་བཞིན་ཡོད་པ་གསལ་སྟོན་བྱས་ཡོད།
ཕྱི་ཟླ་ ༣ པའི་ཚེས་ ༢༨ ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སླར་ཡང་རྒྱབ་ཤ་དཀར་པོའི་དེབ་ཅིག་འདོན་སྤེལ་གྱིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་བདག་དབང་རྒྱ་ནག་དམར་གཞུང་ལ་ཡོད་ཚུལ་གྱི་སྒྲོ་འདོགས་འཁྱོག་བཤད་དང་། བོད་ནང་ཡར་རྒྱས་བཏང་བའི་སྐོར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་བོད་རྒྱ་ནག་ནས་ཁ་བྲལ་གཏོང་ཐབས་བྱེད་ཀྱི་ཡོད་པའི་གཞི་མེད་སྐྱོན་འཛུགས་བྱས་ཡོད། དེ་ལྟར་བརྗོད་དོན་ནི། བོད་ནང་མི་སྤྱོད་ལས་འདས་པའི་གདུག་རྩུབ་མནར་གཅོད་གཏོང་བཞིན་པའི་དོན་དངོས་རྣམས་སྦས་ཐབས་དང་། བོད་ཀྱི་ལོ་རྒྱུས་རྫུན་བཟོས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་དང་། རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་གི་རྒྱ་སྐྱེད་རིང་ལུགས་ཀྱི་དམིགས་ཡུལ་གྲུབ་བཞིན་ཡོད། དོན་དངོས་ནི་དེ་ལྟར་ཏེ། རྒྱ་ནག་དམར་གཞུང་གིས་བོད་ནང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་ཤུགས་ཆེ་བྱས་པའི་རྐྱེན་གྱིས་ཐ་ན་བོད་མི་ཚོས་རང་ལུས་མེར་བསྲེགས་གཏོང་དགོས་པའི་འུ་ཐུག་གནས་སྟངས་ཤིང་ཆགས་ཡོད་ཅིང་། དེ་ཡང་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་ར་འཕྲོད་གསལ་པོར་བྱུང་བ་བོད་མི་སེར་སྐྱ་ཕོ་མོ་ཁྱོན་གྲངས་ ༡༥༧ གྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་རེད།
ཚོགས་འདུ་ཉིན་གཉིས་ཀྱི་རིང་ཚོགས་བཅར་བ་གནད་ཡོད་རྣམ་པས་རྒྱ་ནག་དམར་ཤོག་གཅིག་སྡུད་དབང་འཛིན་གཞུང་གིས་བཟོས་པའི་དཀའ་ངལ་ཁག་ལ་གདོང་ལེན་གནང་རྒྱུའི་ཐོག་ལ་བཀའ་བསྡུར་གནང་བ་ཙམ་མ་ཡིན་པར། གོང་གི་རྒྱབ་ལྗོངས་ཀྱི་དངོས་ཡོད་གནས་སྟངས་ལ་གཞིགས་ཏེ། བགྲོ་གླེང་ལས་རིམ་ནང་ཆ་ཤས་གང་ཐུབ་ལེན་ནས་བཀའ་བསྡུར་ལྷུགས་པོ་ཡོང་རྒྱུའི་རེ་བ་ཞུ་བཞིན་ཡོད། དེ་དང་ཆབས་ཅིག་རྒྱ་བོད་གཉིས་ཀའི་ཁེ་ཕན་ཆེད་རྒྱ་ནག་དམར་གཞུང་གི་འགོ་ཁྲིད་ཚོས་བོད་རྒྱའི་རྩོད་རྙོག་སེལ་ཐབས་སུ་འགན་ཁུར་ཆེ་ཙམ་བཞེས་རྒྱུར། རྒྱལ་སྤྱིའི་ནང་འབྲེལ་ལམ་གོང་མཐོར་གཏོང་རྒྱུའི་ཐབས་ལམ་བཙལ་རྒྱུ་དང་། ང་ཚོའི་ངོས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་མུ་མཐུད་ཆོད་སེམས་བརྟན་པོར་གནས་ཡོད། གཞན་ཡང་མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གལ་གནད་དང་། རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་གཏོར་བཤིག་བཏང་བའི་ཤུགས་རྐྱེན་ཐོག་བགྲོ་གླེང་དང་གདོང་ལེན་བྱ་རྒྱུ་དེ་ནི་འཛམ་གླིང་སྤྱི་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལའང་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་དེ་བཞིན་ཉི་འོང་ནང་འཚོགས་རྒྱུའི་དགོངས་པ་ཡོད་པ་ལྟར། དེ་རིང་ང་ཚོས་འདིར་དངོས་སུ་ཚོགས་ཐུབ་པ་འདིས་མགོན་པོ་གང་ཉིད་ཀྱི་རླབས་ཆེན་གྱི་དགོངས་པ་གྲུབ་པ་ཞིག་ཀྱང་ཆགས་ཀྱི་ཡོད། འདི་ལོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༩༠ ལ་ཕེབས་ཀྱི་ཡོད་ཅིང་། དེ་ཡང་མགོན་པོ་གང་ཉིད་ཀྱི་སྐུ་ཚེའི་རླབས་ཆེན་གྱི་མཛད་རྗེས་དང་། རྒྱལ་སྤྱིའི་ནང་བཟང་ཕྱོགས་ཀྱི་ཤུགས་རྐྱེན་བསྐྲུན་པའི་མཛད་འཕྲིན་དག་རྗེས་དྲན་ཞུ་རྒྱུར་སྤོབས་པ་ཆེན་པོ་ཡོད། ཚོགས་ཆེན་འདིའི་ཐོག་མགོན་པོ་གང་ཉིད་ཀྱིས་འཛམ་གླིང་ནང་བྱམས་པ་དང་། ཞི་བདེ། འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུར་སྐུ་ངལ་ཆེན་པོ་བསྐྱོན་པའི་མཛད་འཕྲིན་དག་རྗེས་དྲན་སྲུང་བརྩི་ཞུ་རྒྱུ་ཙམ་མ་ཡིན་པར། ཆོས་སྲིད་གཉིས་ཀའི་ཐོག་ལོ་མང་རིང་མཛད་རྗེས་བཞག་པ་བཅས་ཡོངས་ལ་ཡི་རངས་ཆེ་བསྟོད་དང་རྗེས་དྲན་ཞུ་བཞིན་ཡོད། གོ་སྐབས་འདི་བརྒྱུད་ནས་མགོན་པོ་གང་ཉིད་ཀྱིས་འཛམ་གླིང་ཞི་བདེ་དང་། བདེ་སྐྱིད་ཡོང་བར་སྐུ་ངལ་འཛེམས་མེད་བསྐྱོན་དང་བསྐྱོན་བཞིན་པར་གུས་འདུད་ཞུ་རྒྱུ་ཡིན།
མཐའ་དོན། ཚོགས་ཆེན་འདི་བརྒྱུད་ཐག་གཅོད་ཀྱི་ནུས་པ་ཡོད་པའི་དབུ་ཁྲིད་རྣམ་པས་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུར་སེམས་ཤུགས་འཕར་མ་སྐྱེ་བའི་རེ་བ་ཞུ་ཡི་ཡོད་ལ། ཁྱེད་རྣམ་པས་མུ་མཐུད་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་སོ་སོའི་རྒྱལ་ཁབ་ནང་ཞུ་སྐུལ་གནང་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན། དེ་བཞིན་ད་ལན་ཊོཀ་ཡོར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པ་བསྐོང་ཚོགས་ཞུ་ཐུབ་རྒྱུར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ལྷན། ཚོགས་འདུ་ཟུང་སྦྲེལ་གོ་སྒྲིག་ཞུ་མཁན་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་དམིགས་བསལ་གྱིས་ཐུགས་འགན་བཞེས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཚང་མར་ཐུགས་རྗེ་ཆེ།