
༄༅། །ནུབ་ཨོ་གླིང་བོད་རིགས་མཐུན་ཚོགས་ཀྱིས་གོ་སྒྲིག་འོག ཕྱི་ཟླ་ ༢༠༢༦ ཟླ་ ༨ ཚེས་ ༢༢ ཉིན་དཔའ་བོ་བློ་དགའ་རང་བཙན་གྱིས་ཨ་རིའི་ནིའུ་ཡོག་རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མའི་མདུན་དུ་ཕྱི་ཟླ་ ༧ ཚེས་ ༢ ཉིན་རང་ལུས་མེར་བསྲེགས་བཏང་ཏེ་འདས་གྲོངས་སོང་ནས་ཞག་ ༤༩ འཁོར་བའི་ཁོང་གིས་བློས་གཏོང་ལ་རྗེས་དྲན་དགོང་ཚོགས་དང་། ཕྱི་ཟླ་ ༨ ཚེས་ ༢༣ ཉིན་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༦༦ པ་དེ་བཞིན་སྔ་བསྣུར་གྱིས་སྲུང་བརྩི་ཞུས་པའི་མཛད་སྒོ་བཅས་ཀྱི་ཐོག་ཨོ་སི་ཀྲོ་ལི་ཡ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་སྐལ་བཟང་ཚེ་རིང་མཆོག་མཉམ་ཞུགས་གནང་ཡོད་འདུག

དེ་ཡང་ཕྱི་ཟླ་ ༨ པའི་ཚེས་ ༢༢ ཉིན་བོད་མི་མང་ཕྱོགས་བཞུགས་སྤྱི་འཐུས་མཆོག་ནུབ་ཨོ་གླིང་པར་ཐ་གནམ་ཐང་དུ་ཕེབས་འབྱོར་སྐབས། ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་བསོད་ནམས་ལྷ་མོའམ་སྒྲོལ་ལྗང་ལགས་དང་། དྲུང་ཆེ་བསྟན་པ་དར་རྒྱས་ལགས་རྣམ་གཉིས་ནས་སྣེ་ལེན་ཕེབས་བསུ་ཞུས་པ་དང་། དགོང་དྲོ་ཆུ་ཚོད་ ༥།༠༠ པའི་ཐོག་མཛད་སྒོ་དབུ་འཛུགས་གནང་ཞིང་། སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་དོན་རྒྱབ་སྐྱོར་བ་དང་ཨོ་གླིང་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཌིན་སི་མིཐ་ (Dean Smith) མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་ཕྱོགས་བཞུགས་སྤྱི་འཐུས་སྐལ་བཟང་ཚེ་རིང་མཆོག་དང་ཨོ་གླིང་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་མཆོག དེ་བཞིན་བོད་ཀྱི་གྲོགས་པོ་དང་བོད་དོན་རྒྱབ་སྐྱོར་བ། ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཕེབས་ཡོད་འདུག

མཛད་སྒོའི་ཐོག་ཕྱོགས་བཞུགས་སྤྱི་འཐུས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོ་ཚབ་ཞུས་པའི་ཐོག་ནས་དགོང་ཚོགས་ལ་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་བློས་གཏོང་ལ་རྗེས་དྲན་གུས་བརྩི་དང་། དམ་པ་ཁོང་གི་ཞལ་ཆེམས་ནང་གསལ་ལྟར་བོད་མི་ཚང་མས་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་བོད་རང་དབང་འཐབ་རྩོད་ལ་རང་འཁྲིས་ལས་འགན་བསྒྲུབ་དགོས་པ་སོགས་གསུང་བཤད་གནང་འདུག

གཞན་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་དོན་རྒྱབ་སྐྱོར་བ་དང་ཨོ་གླིང་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཌིན་སི་མིཐ་ (Dean Smith) མཆོག་གིས་དབུས་པའི་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་དང་སྐུ་ཚབ་དོན་གཅོད་མཆོག་བཅས་ཀྱིས་གསུང་བཤད་དང་། བོད་རིགས་མཐུན་ཚོགས་ཀྱི་ཚོགས་མི་ཁག་ཅིག་གིས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་བློས་གཏོང་ལ་རྗེས་དྲན་གྱི་སྙན་ངག་གྱེར་འདོན། བོད་རིགས་མཐུན་ཚོགས་ཀྱི་དྲུང་ཆེ་བསྟན་པ་དར་རྒྱས་ལགས་ཀྱིས་བོད་ཕྱི་ནང་གཉིས་སུ་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ད་བར་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་པར་སོགས་ཡོད་པའི་དྲ་ཚིགས་ཤིག་དབུ་འབྱེད། མཐར་མཛད་སྒོར་ཕེབས་མི་ཡོངས་ལ་དགོང་ཚིགས་སྟབས་བདེ་ཞིག་དང་བཅས་མཛད་སྒོ་གྲོལ་ཡོད་འདུག

ཕྱི་ཟླ་ ༨ ཚེས་ ༢༣ ཉིན་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་མཆོག་དང་། སྐུ་ཚབ་དོན་གཅོད་མཆོག་རྣམ་གཉིས་ས་ཐག་དེ་འདྲའི་རིང་པོའི་ས་གནས་སུ་དུས་གཅིག་ལ་ལྷན་དུ་ཕེབས་པ་དང་བསྟུན་ནས། ནུབ་གླིང་བོད་རིགས་མཐུན་ཚོགས་ཀྱིས་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༦༦ པ་དེ་བཞིན་སྔ་བསྣུར་གྱིས་སྲུང་བརྩི་ཞུས་ཤིང་། སྐབས་དེའི་མཛད་སྒོའི་ཐོག་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོས་ཕེབས་བསུའི་གསུང་བཤད་དང་། དྲུང་ཆེ་ཡིས་ད་བར་བྱུང་སོང་གི་རྩིས་ཁྲ་སྙིང་བསྡུས་སྙན་སྒྲོན། ཚོགས་མི་གཞོན་པ་ཁག་ཅིག་གིས་གླིང་གི་སྐོར་བྲོ་འཁྲབ་སྟོན། དེ་བཞིན་ཚོགས་མི་རྣམས་ནས་སྤྱི་འཐུས་མཆོག་དང་དོན་གཅོད་མཆོག་རྣམ་གཉིས་ལ་ས་གནས་ཀྱི་གནས་སྟངས་དང་འབྲེལ་བའི་སྐོར་སྙན་གསན་དང་། དེ་མིན་གྱི་དོགས་འདྲི་ཡོད་པ་ཁག་ཅིག་དྲིས་པར་སྐབས་མཚམས་ལན་འདེབས་ཞུ་འོས་རྣམས་ཞུས་འདུག

མཛད་སྒོའིཐོག་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་སྐལ་བཟང་ཚེ་རིང་མཆོག་གིས་བོད་མིའི་མང་གཙོའི་འཕེལ་རིམ་སྙིང་བསྡུས་ངོ་སྤྲོད་དང་། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ལ་དབུ་འོག་དཔུང་འདེགས་དང་ཚགས་ཚུད་ཡོང་བར་ས་གནས་ནང་བོད་མི་གྲངས་འབོར་ཇི་ཡོད་ལ་མ་ལྟོས་པར་བོད་རིགས་ཚོགས་པ་དེ་མ་འཐོར་བ་དང་། ཚོགས་པའི་གཟའ་མཇུག་སློབ་གྲྭའི་ནང་དགེ་རྒན་དང་ཕ་མ་ཚང་མས་གལ་ཆེ་དོན་ཆེ་བརྩིས་ནས་བོད་ཕྲུག་རྣམས་ལ་བོད་ཡིག་སློབ་འཁྲིད་བྱེད་རྒྱུ་གལ་ཆེ་ཡིན་པ་སོགས་བླང་དོར་གྱི་གསུང་བཤད་དང་། ཨོ་གླིང་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་མཆོག་གིས་ཀྱང་མང་གཙོའི་དུས་ཆེན་དང་འབྲེལ་ནས་ཚོགས་ཕེབས་མི་མང་རྣམས་ལ་བཀའ་སློབ་ལམ་སྟོན་གནང་འདུག

གཞན་ཡང་སྐབས་དེར་ནུབ་ཨོ་གླིང་བོད་རིགས་མཐུན་ཚོགས་ཀྱི་སྒྲིག་གཞིར་བསྐྱར་བཅོས་དང་། གཏན་འབེབས་གྲོས་འགོ་འདོན་རྒྱུ་སོགས་ལམ་སྟོན་བྱེད་ཐུབ་པ་བྱུང་ཡོད་འདུག་པ་བཅས།