རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ནས་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གསར་འགོད་བསྒྲགས་གཏམ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢ རེས་གཟའ་ཕུར་བུ་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ལྔ་པ་ཙམ་ལ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ཐང་དུ་རྒྱལ་གཅེས་དཔའ་བོ་བློ་བཟང་དཔལ་ལྡན་ནམ་རང་བཙན་བློ་དགའ་ལགས་ནས་བོད་ཀྱི་རྒྱལ་དར་འཁྱེར་ནས་ལམ་མདོར་རྒྱལ་དར་སྒྲེང་འཛུགས་གནང་སྟེ། རྒྱ་གཞུང་གིས་བོད་རྩ་མེད་བཟོ་རྒྱུའི་སྲིད་བྱུས་སྣ་ཚོགས་སྤེལ་བཞིན་ཡོད་པར་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་འདུག མེ་འབར་ཤུགས་ཆེ་དྲགས་ནས་ཅུང་མ་འགོར་བ་ས་ལ་གྱེལ་ཏེ་གང་ཙམ་རྗེས་ཛ་དྲག་མྱུར་སྐྱོབ་རུ་ཁག་སླེབས་འདུག་ཅིང་། དེ་རྗེས་ནིའུ་ཡོག་གི་བྷེ་ལུ་ཝུའེ་(Bellevue)སྨན་ཁང་དུ་བསྐྱལ་ཡོད་ཀྱང་སྐུ་གཟུགས་ལ་མེར་བསྲེགས་ཧ་ཅང་ཤུགས་ཆེར་བྱུང་བའི་རྐྱེན་གྱིས་དགོང་དྲོའི་ཆུ་ཚོད་བདུན་པ་ཡོལ་ཙམ་ལ་སྐུ་ཚེ་མ་ཟིན་པ་བྱུང་འདུག

ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་གནས་སྡོད་དམ་པ་ཁོངནི་ཕྱི་ལོ་ ༡༩༧༤ ཟླ་ ༦ ཚེས་ ༡ ཉིན་ཡབ་བསོད་ནམས་དར་རྒྱས་(བསོད་དགའ་)དང་། ཡུམ་རྡོ་རྗེ་ལྷ་མོ་གཉིས་ཀྱི་སྲས་སུ་བོད་མདོ་ཁམས་དཀར་མཛེས་སུ་སྐུ་འཁྲུངས། ཆུང་དུས་ནས་རང་ཡུལ་དགོན་པར་རབ་ཏུ་བྱུང་ཞིང་། ལོ་རབས་དགུ་བཅུའི་ནང་བཙན་བྱོལ་དུ་ཕེབས་ནས་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཆོས་ཞུགས་གནང་། དེ་རྗེས་ཨ་རིར་ཕེབས་ཤིང་བོད་རང་དབང་རང་བཙན་ཐོག་རྒྱུན་དུ་ལས་འགུལ་ཤུགས་ཆེར་སྤེལ་མཁན་ཞིག་ཡིན།

རྒྱ་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་ད་བར་བོད་ཀྱི་སྣོད་བཅུད་གཉིས་ཀ་རྡོག་རོལ་གཏོང་རྐྱང་དང་། ལྷག་པར་དུ་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་རྩ་མེད་དུ་གཏོང་རྒྱུའི་སྲིད་བྱུས་མཁྲེགས་འཛིན་གྱིས། ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡ ཉིན་རྒྱ་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བ་དངོས་སུ་ལག་བསྟར་བྱས་པའི་ཉིན་གཉིས་པར་དམ་པ་ཁོང་གིས་རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་བྱས་ཡོད། རང་ལུས་མེར་བསྲེགས་མ་གནང་བའི་སྔོན་ལ་མཐའ་མའི་ཞལ་ཆེམས་ཀྱི་བརྙན་ཐུང་ནང་། “རྒྱ་ནག་གུང་ཁྲན་གྱིས་བོད་ལ་འཛིན་པའི་སྲིད་བྱུས་དང་། བོད་མི་རིགས་རྩ་མེད་རང་གཏོང་རྒྱུའི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད་པ་རེད། ཅེས་དང་། བོད་ནང་ལ་སྡོད་མཁན་གྱི་བོད་པ་ལ་རྩ་བ་ཉིད་ནས་ཞུ་རྒྱུ་མེད།  དངོས་གནས་དྲང་གནས་ཟེར་རྒྱུ་དེ། ལྷག་བསམ་རྣམ་དག་གི་ཐོག་ནས་སོ་སོའི་སྐད་དང་ཡི་གེ། ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་ཉམས་པ་སླར་གསོ་གནང་བར་དངོས་གནས་དྲང་གནས་ཀྱིས་ཧ་ལས་པ་རེད་བཞག དེ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་ཐུགས་རྗེ་ཆེ་ཞུ་རྒྱུ། ཞེས་དང་། ང་ཚོ་བཙན་བྱོལ་ནང་ལ་སྡོད་མཁན་ཚོར་བསམ་ཚུལ་ཞིག་ཞུ་རྒྱུར། ང་རང་ཚོ་དངོས་གནས་དྲང་གནས་ཟེར་རྒྱུ་དེ། མི་རིགས་གཅིག་གི་འཐབ་རྩོད་ཀྱི་ཆེད་དུ་གཞི་རྩའི་གང་ཡང་བྱེད་མི་དགོས་པའི་ཐོག་ནས་རྩ་བ་ནས་རག་གི་མ་རེད། དེ་ཡིན་པར་སོང་ང་ཚོ་བཙན་བྱོལ་གྱི་ནང་ལ་སྡོད་མཁན་དེ་ཚོས་ཤུགས་མང་ཙམ་ཞིག་རྒྱག་དགོས་འདུག་ཅེས་ཞུ་རྒྱུ་ཡིན། ང་ཚོར་མང་གཙོ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཕགས་པ་སྤྱན་རས་གཟིགས་ཀྱིས་དངོས་གནས་དྲང་གནས་མང་གཙོ་ཚད་ལྡན་གནང་བར་ང་ཚོར་དངོས་གནས་དྲང་གནས་དཔེ་མི་སྲིད་པའི་བཀའ་དྲིན་ཆེན་པོ་རེད། དེ་ག་ནང་བཞིན་གྱིས་ང་ཚོ་མི་རྒྱུ་གཉིས་ཀྱིས་འགྲོ་སོང་གང་ཡང་གཏོང་མི་དགོས་པའི་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོ་མར་གནང་ནའང་ང་ཚོས་མི་དགོས་ཟེར་ནས་ཡར་ཕུལ་བསྡད་རེད། ཡིན་ནའང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོ་ཚད་ལྡན་ཞིག་གནང་བཞག་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོ་གནང་བ་དེ་གང་རེད་ཟེར་ན། ནང་ལོགས་ལ་ནང་འཛིང་དགོས་པའི་ཆེད་དུ་རྩ་བ་ནས་མ་རེད། དེ་བོད་མི་རིགས་ཀྱི་ཆེད་དང་། བོད་རྒྱལ་ཁབ་ཀྱི་ཆེད་དུ་ཡར་རྒྱས་ཤིག་འགྲོ་ཐུབ་ན། ལྷག་པར་དུ་༸རྒྱལ་བ་རིན་པོ་ཆེས་སྔོན་མ་ག་རེ་གསུངས་ཡོད་རེད། ཕྱི་རྒྱལ་ཡུ་རོབ་དང་ཨ་རི་ལ་སྡོད་མཁན་ཡིན་ན་ཁང་པ་དང་མོ་ཊ་ཞིག་རག་ན། ད་ང་འགྲིག་སོང་བསམས་ནས་བསྡད་པ་ཡིན་ན་ཞབས་འདྲེན་རེད་དཱ། ཁྱེད་ཚོ་གང་ག་བོད་མི་རིགས་ཀྱི་མགྲིན་ཚབ་པ་ཡིན་དཱ། བོད་མི་རིགས་ཀྱི་མགྲིན་ཚབ་པ་རེད། དེ་ཡིན་དུས་བོད་མི་རིགས་ཀྱི་ཆེད་དུ་ལས་ཀ་ལས་དགོས་ཀྱི་རེད། བོད་མི་རིགས་ཀྱི་ཆེད་དུ་དཀའ་ལས་རྒྱག་དགོས་པ་རེད་ཅེས་དེ་གསུངས་ཡོད་པ་རེད། ཅེས་དང་། དེ་ཡིན་དུས་ད་རེས་ནས་བཟུང་སྟེ་ངས་ག་རེ་ཞུ་ཡི་ཡོད་ཟེར་ན། རྒྱ་ནག་གུང་ཁྲན་གྱིས་བོད་མི་རིགས་ཆོལ་ཁ་གསུམ་ཟེར་ན་མི་འདུག བོད་མི་ཡོངས་སུ་རྫོགས་པ་དབྱེ་བ་ཕྱེ་ཡོད་མ་རེད། གཙབས་པ་རེད་དཱ། གཙབ་ཅིག་གཙབས་ཡོད་པ་རེད། མདོ་སྟོད་མདོ་སྨད་དབུས་གཙང་ཞེས་དབྱེ་བ་ཕྱེ་ཡོད་མ་རེད། གང་ག་གཙབས་ཡོད་པ་རེད་དཱ། དེའི་རྒྱུ་མཚན་ལ་བརྟེན་ནས་ང་ཚོ་གང་ག་བོད་པ་རེད། བོད་རྒྱལ་ཁབ་ཀྱི་ཆེད་དུ་ལས་ཀ་ལས་དགོས་ཀྱི་རེད། བོད་མི་རིགས་ཀྱི་ཆེད་དུ་ལས་ཀ་ལས་དགོས་རེད། ད་ལྟ་ང་ཚོ་གང་གར་འགྲོ་བ་མིའི་ཐོབ་ཐང་མི་འདུག སྨྲ་བརྗོད་རང་དབང་མི་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་བཞག་རྒྱུའི་རང་དབང་མི་འདུག་ཟེར་དུས། རང་དབང་ཡོངས་སུ་རྫོགས་པ་དེ་ག་རེ་བྱས་ནས་མེད་པ་རེད། བོད་རང་བཙན་ཤོར་བའི་རྒྱུ་མཚན་ལ་བརྟེན་ནས་མེད་པར་ཆགས་པ་རེད། རྒྱུ་མཚན་དེ་ཡིན་དུས་ང་ཚོ་གང་གས་ཉིན་མོ་དེ་རིང་ནས་བཟུང་སྟེ། བོད་གཞུང་ཡིན་ནའང་རེད། སྤྱི་འཐུས་གྲོས་ཚོགས་ཡིན་ནའང་རེད། བོད་མི་མང་ཡིན་ནའང་རེད། གང་ག་རྡོག་རྩ་གཅིག་ཏུ་སྒྲིལ་ནས་དེ་རིང་ནས་བཟུང་སྟེ་ང་ཚོ་བོད་རྒྱལ་ཁབ་དང་མི་རིགས་འདིའི་ཆེད་དུ་ང་ཚོ་གང་གས་ཕྱག་ལས་གནང་རྒྱུ་དང་རྡོག་རྩ་ཆིག་སྒྲིལ་བྱ་རྒྱུ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད་འདུག རྒྱུ་མཚན་དེ་ལ་བརྟེན་ནས་དེ་རིང་ནས་བཟུང་སྟེ། ངས་ག་རེ་ཞུ་ཡི་ཡོད་ཟེར་ན། བཙན་བྱོལ་ནང་ལ་ཡོད་པའི་བོད་ཆོལ་ཁ་གསུམ་གྱི་བོད་པ་དེ་ཚོ། ཆོལ་ཁ་དང་ཆོས་ལུགས་ཀྱི་རྩོད་མ་རྒྱག་པའི་ཐོག་ནས། ང་བོད་པ་ཡིན་ཟེར་རྒྱུ་ཞིག་ཡོད་པཱ། ཞེས་དང་། རང་བཙན་མེད་པ་མ་རེད། རང་བཙན་ཡོད་པ་རེད། ཤོར་སོང་རེད། ཚུར་ལེན་དགོས་ཀྱི་ཡོད་པ་རེད། ང་ཚོ་གང་གས། དེ་ཡིན་དུས། ད་ང་ཚོ་གང་གས་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་བོད་རང་བཙན་གྱི་ཆེད་དུ་ལས་འགུལ་སྤེལ་རྒྱུ། བོད་རང་བཙན་གྱི་ཆེད་དུ་ཕྱག་ལས་གནང་རྒྱུ་དེ་ལ། ངས་ཐུགས་རྗེ་གཟིགས་ཞེས་ལག་གཉིས་ཐལ་མོ་སྦྱར་ཏེ། བཙན་བྱོལ་ནང་ལ་ཡོད་མཁན་ཡོངས་སུ་རྫོགས་པས་ཕྱག་ལས་དེ་གནང་རོགས་གནང་ཞེས་ཞུ་རྒྱུ་གཅིག་དང་། གཉིས་པའི་ཆ་ལ། དེ་རིང་གལ་སྲིད་ངས་ལས་འགུལ་ཤུགས་ཆེན་པོ་ཞིག་སྤེལ་བ་ཡིན་ན། སྤེལ་བའི་རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོའི་རིག་གཞུང་དེ་ཚོ། དཔེར་ན། སང་ཉིན་གནངས་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ ༩༡ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཆགས་ཡོང་གི་ཡོད་པ་རེད། ཅེས་དང་།  སྲོལ་རྒྱུན་གཞིར་བཟུང་དངོས་གནས་དྲང་གནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་དེ་ཤུགས་ཆེ་ཙམ་ཞིག། ཡག་པོ་ཞིག་གཏོང་རྒྱུ། གྲ་རྒྱས་པོ་གཏོང་ཐུབ་རྒྱུ། དེ་ག་ནང་བཞིན་གཞས་ཞབས་བྲོ་འཁྲབ་མཁན་ལ་སོགས་པ་དེ་ཚོ་ཡོངས་སུ་རྫོགས་པ། གཞས་ཞབས་བྲོ་འཁྲབ་དགོས་ཀྱི་ཡོད་རེད་དཱ། དེ་བཀག་དགོས་ཀྱི་མ་རེད། མྱ་ངན་བྱེད་དགོས་ཀྱི་མ་རེད། ག་རེ་བྱེད་དགོས་ཀྱི་རེད་ཟེར་ན། དེ་འཁྲབ་པའི་ཞོར་ལ་སོ་སོ་བོད་པ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་བོད་མི་རིགས་ཀྱི་ཆེད་དུ། བོད་རྒྱལ་ཁབ་འདིའི་ཆེད་དུ་ག་རེ་བྱེད་རྒྱུ་འདུག ག་རེ་ལས་རྒྱུ་འདུག འདི་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད། དེ་ཡིན་དུས། སྐུ་མཁྱེན། ཐུགས་རྗེ་གཟིགས། མ་འོངས་པར་རྣམ་པ་ཚོ་གང་གས་དེ་ཤུགས་ཆེ་ཙམ་གནང་རོགས་གནང་ཞེས་ངས་འབོད་སྐུལ་འདི་ཞུ་རྒྱུ་ཡིན། གང་ཡིན་ཞུ་བ་ཡིན་ན། གལ་སྲིད་ངས་ལས་འགུལ་ཞེད་སྣང་ཚ་པོ་ཞིག་སྤེལ་བ་ཡིན་ན། ག་རེ་བྱས་ནས་སྤེལ་གྱི་ཡོད་པ་རེད། ང་ལ་བཟའ་རྒྱུ་མ་རག ང་ལ་གྱོན་རྒྱུ་མ་རག ངས་སྡུག་བསྔལ་བྱས་ནས་མ་རེད། ངས་རྒྱལ་ཁབ་འདིའི་ཆེད་དུ་སྤེལ་གྱི་ཡོད་པ་རེད། བོད་རྒྱལ་ཁབ་འདིའི་ཆེད་དང་། བོད་རྒྱལ་ཁབ་འདིའི་ཆེད་དུ་སྤེལ་གྱི་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་བོད་རྒྱལ་ཁབ་འདི་ལ་གང་ཡོད་པ་གང་གས་མུ་མཐུད་ནས་བྱེད་དགོས་ཀྱི་ཡོད་པ་རེད། ཅེས་དང་། ང་ཚོར་ག་རེ་མེད་པ་ཡིན་ནའང་མེད་ས་ཡོངས་སུ་རྫོགས་པ་དེ་ག་རེ་བྱས་ནས་མེད་པ་རེད། རང་བཙན་མེད་པའི་རྒྱུ་མཚན། ང་ཚོ་རང་བཙན་ཤོར་བའི་རྒྱུ་མཚན་ལ་བརྟེན་ནས་རེད་དཱ། རང་བཙན་རག་པ་ཡིན་ན་ང་ཚོར་གང་ག་ཡོད་པ་རེད། དེ་ཡིན་དུས་ང་ཚོར་ག་རེ་དགོས་ཀྱི་རེད། རང་བཙན་དགོས་ཀྱི་ཡོད་པ་རེད། རང་བཙན་ཆེད་དུ་ག་རེ་བྱེད་དགོས་ཀྱི་རེད། གང་གས་དཀའ་ལས་རྒྱག་དགོས་ཀྱི་རེད། དེ་མི་གང་གས་མུ་མཐུད་ནས་དཀའ་ལས་རྒྱག་རོགས་གནང་ཞེས་ཞུ་རྒྱུ་ཡིན། བོད་རང་བཙན་རྒྱལ་ལོ། བོད་རྒྱལ་ལོ། བོད་རང་བཙན་རྒྱལ་ལོ།” ཞེས་ཞལ་ཆེམས་ནང་དངོས་སུ་གསུངས་པ་བཞིན་བོད་དང་བོད་དོན་ཆེད་དུ་དམ་པ་ཁོང་ནས་རང་གི་རྩ་ཆེའི་ལུས་སྲོག་བློས་གཏོང་གནང་བ་ནི་བོད་ཀྱི་ལོ་རྒྱུས་ནང་ནམ་ཡང་བསུབ་ཏུ་མེད་པའི་རླབས་ཆེན་གྱི་མཛད་རྗེས་ཤིག་ཡིན་པ་མ་ཟད། ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་གཞིས་བྱེས་གཉིས་སུ་རྒྱུན་མ་ཆད་པར་རང་ལུས་མེར་བསྲེགས་གཏོང་གནང་མཁན་བརྒྱ་ཕྲག་གཅིག་དང་ཕྱེད་ལྷག་བྱུང་བ་འདི་ནི་འཛམ་གླིང་གི་ལོ་རྒྱུས་ནང་རང་ལུས་མེར་བསྲེགས་བཏང་སྟེ་ཞི་རྒོལ་གྱི་ལས་འགུལ་ཡུན་རིང་ཤོས་དང་། གྲངས་ཚད་མང་ཤོས་ཤིག་ཆགས་ཡོད་པས་རྒྱལ་སྤྱིའི་ནང་གཞུང་དང་། གྲོས་ཚོགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་སྡེ་ཚན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བ་དེར་ཛ་དྲག་ངང་ཁྲིམས་དོན་བསྐྱར་ཞིབ་གནང་སྟེ། མི་རིགས་རྩ་གཏོར་གྱི་ནག་ཉེས་འགོག་སྡོམ་གྱི་ཐབས་ཚུལ་གང་ཡོད་བསྟེན་གནང་ཡོང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་མི་རིགས་རྩ་གཏོར་གྱི་ནག་ཉེས་གསོག་མཁན་སུ་ཡིན་གྱི་ཁྲིམས་ལུགས་འགན་ཁུར་བརྩད་ཞིབ་ཀྱིས། ཉེས་ཅན་ཡན་པོར་མ་སོང་བའི་ཁྲིམས་ཆད་ནན་པོ་གཅོད་ཐབས་ཡོང་བའི་རེ་སྐུལ་ཞུ་རྒྱུ།

རྒྱ་ནག་དམར་ཤོག་གཞུང་གིས་བོད་ནང་བཙན་འཛུལ་བྱས་པ་ནས་བཟུང་གཞིས་བྱེས་བོད་མི་རྣམས་ཀྱིས་བློས་གཏོང་ཆེན་པོས་ལོ་ངོ་ ༧༧ རིངངོ་རྒོལ་རིམ་པ་བྱས་ཤིང་། ལྷག་པར་དུ་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་རྒྱུན་མ་ཆད་པར་གནང་བཞིན་པ་རྣམས་ལ་རྒྱ་ནག་དབུས་སའི་གཞུང་གི་དཔོན་རིགས་ཁག་ས་དཔྱད་ཞིབ་མཐིལ་ཕྱིན་བྱས་ཏེབོད་ཐོག་འཛིན་པའི་དྲག་གནོན་དང་སྡུག་རྩུབ་ཅན་གྱི་སྲིད་བྱུས་རྣམས་འཕྲལ་དུ་མཚམས་འཇོག་གིས་དོན་ཕན་ལྡན་པའི་བོད་རྒྱ་གཉིས་དབར་དཀའ་རྙོག་སེལ་ཐབས་དགོས་པའི་གྲོས་མོལ་གྱི་ལས་དོན་འཕྲལ་དུ་འགོ་འཛུགས་དགོས་པ་ནན་སྐུལ་བྱ་རྒྱུ་བཅས།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རབ་གནས་མེ་རྟ་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༣ ལ།།