རྒྱལ་གཅེས་དཔའ་བོ་འཇམ་དབྱངས་བློ་གསལ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༨ ཉིན་གྱི་དགོང་མོ་(ཕྱི་ཚེས་ ༡༩ ཞོགས་པ་ཡང་བྲིས་པ་འདུག)བོད་མདོ་སྨད་ཨ་མདོ་མཚོ་སྔོན་རྨ་ལྷོ་ཁུལ་གཅན་ཚ་རྫོང་། གྱེར་སྟེང་དགོན་པའི་དགེ་འདུན་པ། རང་ལོ་ ༢༩ (གཞན་ཞིག་ཏུ་ ༢༢ ཡང་གསལ།)སོན་པ་འཇམ་དབྱངས་བློ་གསལ་ལགས་ཀྱིས་གཅན་ཚ་རྫོང་ཐོག་ཏུ་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་ཕྱིན་ཡོད་པའི་ཛ་དྲག་གི་གནས་ཚུལ་ཐོན་འདུག དགེ་འདུན་པ་ཁོང་ནི་སྐྱེ་ཡུལ་གཅན་ཚ་སྣང་ར་གདོང་རྒྱ་སྡེ་བ་ནས་ཡིན་ཞིང་། ཁོང་གིས་རང་ལུས་མེར་བསྲེགས་རྗེས་འདས་གྲོངས་སུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་པ་དང་། དེ་མ་ཐག་ས་གནས་རྒྱ་གཞུང་ཉེན་རྟོག་པ་འབྱོར་ནས་སྐུ་ཕུང་བཙན་འཁྱེར་བྱས་ཏེ་ནང་མིར་ཕྱིར་རྩིས་སྤྲོད་བྱས་ཡོད་མི་འདུག་པ་མ་ཟད། ས་གནས་དེར་དམ་དྲག་ཤུགས་ཆེ་བྱས་ཡོད་པར་བརྟེན་ཁོང་གིས་རང་ལུས་མེར་བསྲེགས་གནང་སྐབས་སྐད་འབོད་སོགས་བྱས་ཡོད་མེད་ཀྱི་གནས་ཚུལ་ཞིབ་ཕྲ་ད་ལྟ་ཤེས་རྟོགས་དཀའ་བའི་གནས་སུ་གྱུར་འདུག ད་དུང་ཉེ་ཆར་ཕྱི་ཟླ་ ༥ ཚེས་ ༢ ཉིན་རང་ལུས་མེར་བསྲེགས་གནང་མཁན་ཕྱག་རྡོར་སྐྱབས་ལགས་ཀྱང་འདས་གྲོངས་སུ་ཕྱིན་ཟིན་ཡོད་པའི་གནས་ཚུལ་ཁ་གསལ་འབྱོར་བར་བརྟེན་ད་བར་བོད་ནས་ཤེས་རྟོགས་ར་སྤྲོད་གསལ་པོ་བྱུང་བ་བོད་མི་ ༡༤༩ ཡིས་རང་ལུས་མེར་བསྲེགས་གནང་བ་དང་དེའི་ཁྲོད་འདས་གྲོངས་སུ་ཕྱིན་པ་ ༡༢༧ ཆགས་ཡོད། གཞན་པ་རེ་ཟུང་ལས་ཕལ་ཆེར་གྱི་འདས་གསོན་ཇི་ཡིན་གནས་སྟངས་ཤེས་རྟོགས་རྩ་བ་ནས་མི་ཐུབ་པ་གྱུར་ཡོད།

བོད་མི་བརྒྱ་ཕྲག་གཅིག་དང་ཕྱེད་ཙམ་གྱིས་རང་གི་གཅེས་པའི་ལུས་སྲོག་བློས་བཏང་བ་ལ་རྒྱ་གཞུང་གི་དཔོན་རིགས་ཚོས་ད་དུང་ཡང་བདག་སྤྲོད་མེད་པར་གོ་ལ་གཅིག་གྱུར་གྱི་དཔལ་འབྱོར་ཡར་རྒྱས་སོགས་ལ་ཁག་དཀྲིས་ནས་བོད་ས་སྟོད་སྨད་གང་སར་རྒྱ་མི་རིགས་ལ་ཁེ་ཕན་ཆེད་འཛུགས་སྐྲུན་སྣ་ཚོགས་བྱས་ཏེ་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་དང་།  ལྷག་པར་དུ་རྒྱ་ནག་དམར་ཤོག་ཚོགས་པར་ལྷག་བསམ་ཡོད་མེད་བསམ་ཞིབ་བྱ་བའི་འཕྲུལ་ཆས་སོགས་བེད་སྤྱད་དེ་བོད་དང་བོད་མིའི་བདེ་དོན་ཆེད་དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་འགྱུར་ལྡོག་སྣེ་གཅིག་མ་བཏང་བ་ནི་བོད་མི་དེ་རྣམས་ཀྱིས་རང་ལུས་མེར་བསྲེགས་བཏང་དགོས་པའི་རྐྱེན་རྩ་ཆགས་ཡོད། དེར་བརྟེན་བོད་ཐོག་འཛིན་པའི་དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པ་དང་། རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་དགོས་འདུན་ནམ་མངོན་འདོད་ལ་བདག་པོ་ངེས་པར་དུ་རྒྱག་དགོས་པའི་སྐུལ་མ་བསྐྱར་ནན་བྱེད་ཀྱི་ཡོད། དེ་དག་གི་རེ་འདོད་ལ་བདག་སྐྱོང་རྩ་བ་ནས་མེད་པར་གནས་ཚུལ་འདི་ལྟ་བུ་མུ་མཐུད་ལྷགས་ཚེ་རྒྱ་གཞུང་གི་དཔོན་རིགས་ཚོས་བོད་མི་དེ་རྣམས་ཀྱི་ཤ་ཁྲག་གི་སྐྱིན་ཚབ་འཇལ་དགོས་པའི་རེ་འབོད་དང་ཁྲིམས་མཐུན་བདག་སྐྱོང་ཡོང་བའི་ཞུ་སྐུལ་རྒྱལ་ཚོགས་དང་། གཟུ་བོར་གནས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཡོངས་ལ་ཞུ་བཞིན་པས་དེ་ལུགས་བདག་སྐྱོང་ངེས་པར་དུ་གནང་ཐབས་ཡོང་བའི་རེ་འབོད་མཐའ་གཅིག་ཏུ་ཞུ་རྒྱུ་བཅས།།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༩ ལ།།