རྒྱལ་གཅེས་དཔའ་བོ་བཞིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་གསུམ་སྐུ་གཤེགས་པ་དང་གཅིག་གི་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

ཕྱི་ལོ ༢༠༡༢ ཟླ་ ༡༠ ཚེས་ ༢༥ ཉིན་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་ནག་རོག་ཕམ་པ་གྲོང་ཚོ་ནས་ཡིན་པ། ཕ་བུ་ཆུང་དང་མ་དགའ་དགའ་གཉིས་ཀྱི་བུ་རང་ལོ་༢༠ ཡིན་པ་རྒྱལ་གཅེས་དཔའ་བོ་ཚེ་སྤོ་ལགས་དང་། ཡང་ཕ་ཉི་མ་དང་མ་ལུགས་དགེ་གཉིས་ཀྱི་བུ་རང་ལོ་༢༥ ཡིན་པ་རྒྱལ་གཅེས་དཔའ་བོ་བསྟན་འཛིན་ལགས་གཉིས་ཀྱིས། ནག་རོག་ཕམ་པ་གྲོང་ཚོའི་རུ་ཁག་གཉིས་པའི་སློབ་གྲྭའི་ཉེ་འགྲམ་དུ། “བོད་རང་བཙན་ཡིན། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། བོད་མི་ཚང་མ་སྤུན་མཆེད་ལྟར་ཆིག་སྒྲིལ་གནང་རོགས”་ཞེས་སྐད་འབོད་བྱས་ཏེ། རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང། ད་ལྟའི་སྐབས་ཚེ་སྤོ་ལགས་སྐུ་གྲོངས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད །

རྒྱལ་གཅེས་དཔའ་བོ་བསྟན་འཛིན་ལགས་ནི། ༢༠༠༨ ལོར་བཙན་བྱོལ་དུ་ཡོང་ནས་སུ་ཇ་བོད་ཁྱིམ་སློབ་གྲྭར་ཟླ་༦ ཙམ་རིང་བསྡད་མྱོང་ཡོད་འདུག ཁོང་རྣམ་པ་གཉིས་ནི།  བོད་རང་སྐྱོང་ལྗོངས་ནག་ཆུ་འབྲི་རུ་རྫོང་ཁོངས་སུ་གཏོགས་པའི་ནག་རོག་ཕམ་པ་གྲོང་སྡེ་ནས་ཡིན་འདུག་པ་དང་།  ནག་རོག་ནི་ནག་བུག་སེར་གསུམ་ནང་ཚན་ནགས་ཤོད་ཚོ་དགུའི་ཚོ་ཆུང་གསུམ་ཟེར་བ་དེའི་ཡ་གྱལ་ཡིན་སྐོར་ཤོད་ཀྱི་འདུག ད་སྐབས་ནག་རོག་ས་ཁུལ་དུ་རྒྱ་དམག་གིས་བསྐོར་ནས་དམ་དྲག་ཆེ་བས་ཁ་པར་དང་གསར་འགྱུར་གྱི་བརྒྱུད་ལམ་ཡོངས་རྫོགས་བཀག་སྡོམ་གྱིས་འབྲེལ་བ་བྱེད་ཁག་པོ་ཡོད་པར་མ་ཟད། གནས་ཚུལ་ཞིབ་ཕྲ་ཤེས་རྒྱུ་དཀའ་ལས་ཁག་པོ་ཡིན་འདུག།

ཡང་ཕྱི་ལོ ༢༠༡༢  ཟླ ༡༠ ཚེས ༢༦ ཉིན།  མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་ལྷ་སྡེའི་གྲས་ཀྱི་ཨ་མཆོག་ཡུལ་ཚོའི་བོད་པ་རང་ལོ་ ༢༤ ལ་སོན་པ་རྒྱལ་གཅེས་དཔའ་བོ་ལྷ་མོ་ཚེ་བརྟན་ལགས་ཀྱིས་རྒྱ་གཞུང་གི་ནོར་འཁྲུལ་དང་གདུག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་ཆེད་ཉིན་འདིར་ཨ་མཆོག་རྒྱལ་སྒོ་སྟེ།  ཨ་མཆོག་གྲོང་བརྡལ་གྱི་ཁྲོམ་རར་བསྐྱོད་དེ། གྲོགས་པོ་འགའ་དང་མཉམ་དུ་ཟ་ཁང་ཞིག་ནས་ཟ་མ་ཟོས་རྗེས་ཕྱི་རོལ་གྱི་སྨན་ཁང་ཞིག་ཏུ་ཕྱིན་ནས་ཁྲོམ་དུ་ཕྱིན་ཏེ་རིང་པོ་མ་སོང་བར། བོད་ནང་གི་ཉིན་གུང་ཆུ་ཚོད་༢།༣༠  ཡས་མས་སུ་ཀི་སྒྲ་ཞིག་དང་མཉམ་དུ་རང་ལུས་མེར་བསྲེགས་ཀྱིས་མེ་ལྕེ་འུར་འུར་དུ་འབར་ཞིང་སྐད་ཤུགས་ཆེན་པོས། “རྒྱལ་བ་རིན་པོ་ཆེ་བོད་ཡུལ་ལ་ཕེབས་དགོས། བོད་ལ་རང་དབང་དགོས་”ཞེས་མདུན་ཕྱོགས་སུ་ཤུགས་ཀྱིས་རྒྱུགས་ཏེ། རིང་བོ་མ་ཕྱིན་པར་གྲོང་བརྡལ་གྱི་ཁྲིམས་ཁང་མདུན་ཐད་ནས་འགྱེལ་ཞིང་། སྐབས་དེར་ཉེན་རྟོག་པ་དང་དམག་མི་ཕོན་ཆེ་འབྱོར་བ་རྣམས་ཀྱིས་དམ་དྲག་ཤུགས་ཆེ་བྱས་ཀྱང་།  བོད་པ་སེར་སྐྱ་མི་མང་གིས་ཁོང་གི་མཐའ་བསྐོར་ཏེ།  མེར་བསྲེགས་གཏོང་སར་ཡོང་དུ་བཅུག་མེད་པར་མ་ཟད། སྐུ་ལུས་སྨད་དག་འཚིགས་ནས་རིང་མོ་ཞིག་ཕྱིན་ཡོད་ནའང་མུ་མཐུད་དུ་ལག་གཉིས་ཐལ་མོ་སྦྱར་ཏེ། “རྒྱལ་བ་རིན་པོ་ཆེ་བོད་ཡུལ་ལ་ཕེབས་དགོས། བོད་ལ་རང་དབང་དགོས”ཞེས་ཡང་དང་བསྐྱར་དུ་ཟློས་ཤིང་རྗོད་བཞིན་རིམ་གྱིས་དབུགས་སྒྲ་ཉམས་ནས་མེ་ཤུགས་ཀྱང་ཞི་ཞིང་འཇགས་པར་གྱུར་ཏེ་ཁོང་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག

ཁོང་གི་མཐའ་འཁོར་ཡོངས་སུ་མི་མང་དང་དགེ་འདུན་པས་འཚང་ག་ཤིག་ཤིག་ཏུ་བྱེད་པ་དང་། ཁོང་ཚོ་ཡང་གདུང་སེམས་དང་ཁོང་ཁྲོ་དུས་གཅིག་ཏུ་ལངས་བཞིན་སྐུ་ཕུང་སྲུང་སྐྱོབ་དང་གདན་འདྲེན་ཞུ་འགོ་བཙུགས་ཏེ། ཐོག་མར་སྐུ་ཕུང་ཕྱིང་ཐུལ་ཞིག་ཏུ་བཏུམས་ཤིང་དེའི་སྟེང་དུ་གོས་སེར་པོ་ཞིག་གིས་གཡོགས་ཏེ། རླངས་འཁོར་དང་འཕྲུལ་རྟ་མང་པོའི་བསུ་མ་དང་བཅས་རང་ཁྱིམ་སྐེད་སྡེ་བར་གདན་འདྲེན་ཞུས་ཐུབ་འདུག གོ་ཐོས་སུ་དཔའ་བོ་ཁོང་གིས། གྲོགས་པོ་ཞིག་ལ་དེ་རིང་ཁོ་བོས་མེ་རྒོལ་ལས་འགུལ་སྤེལ་རྒྱུ་ཡིན་པས། ངའི་ཕུང་པོ་ལེན་དུ་ཡོང་རོགས་ཞེས་གསུངས་པར་ཡང་བཤད། ཨ་མཆོག་ཚོ་བ་བརྒྱད་ཀྱི་མི་མང་དང་ཨ་མཆོག་དགོན་པའི་གྲྭ་མང་བཅས་ནས་ཁོང་གི་བྱ་དཀའ་བའི་སྤྱོད་པ་ལ་གུས་བརྩི་མཚོན་ཆེད་རྟ་དང་། རླངས་འཁོར། འཕྲུལ་རྟ་སོགས་ལ་བཞོན་ནས་རྒྱལ་གཅེས་དཔའ་བོ་ལྷ་མོ་ཚེ་བརྟན་དམ་པ་དེ་ཉིད་ཀྱི་ཁྱིམ་དུ་སྨོན་ལམ་གསུང་རྒྱུ་དང་གདུང་སེམས་མཉམ་སྐྱེད་བྱེད་དུ་བསྐྱོད་ཡོད་འདུག

རྒྱལ་གཅེས་དཔའ་བོ་ལྷ་མོ་ཚེ་བརྟན་ལགས།རྒྱལ་གཅེས་དཔའ་བོ་ལྷ་མོ་ཚེ་བརྟན་ལགས།རྒྱལ་གཅེས་དཔའ་བོ་ལྷ་མོ་ཚེ་བརྟན་ལགས་ནི།  མདོ་སྨད་བསང་ཆུ་རྫོང་ཨ་མཆོག་ཡུལ་ཚོ། ཨ་མཆོག་སྐེད་སྡེ་བའི་ནང་གི་ཁྱིམ་ཚང་ཕྱུག་པོའི་གྲས་སུ་ཚུད་པ་དང་། འཚོ་བ་སོགས་ཕྱོགས་གང་ཅིའི་ཐད་ནས་དཀའ་ངལ་ཅི་ཡང་མེད་པར་མ་ཟད། སྒེར་ལ་རླངས་འཁོར་སྤུས་ལེགས་ཤིག་ཀྱང་ཡོད། ཁོང་གི་ཕ་མིང་ལ་གནམ་ཕྱུག་ཚེ་རིང་ཟེར་བ་ལོ་༤༩དང་།  མ་གཟུངས་འདུས་སྐྱིད་ལོ ༥༠ ཡིན་འདུག ཁོང་རང་ལོ་༢༤ ཡིན་པ་དང་། བཟའ་ཟླའི་མིང་ལ་ཚེ་རིང་ལྷ་མོ་དང་། ཁོང་གཉིས་ལ་བུ་མོ་ལོ་ ༢ ལ་སོན་པ་ཞིག་ཡོད་པའི་མིང་ལ་སྙིང་མོ་སྐྱིད་ཟེར་གྱི་ཡོད་པ་རེད།

རྒྱལ་གཅེས་དཔའ་བོ་ལྷ་མོ་ཚེ་བརྟན་ལགས་དང་ཁོང་གི་བཟའ་ཟླ་ཚེ་རིང་ལྷ་མོ།རྒྱལ་གཅེས་དཔའ་བོ་ལྷ་མོ་ཚེ་བརྟན་ལགས་དང་ཁོང་གི་བཟའ་ཟླ་ཚེ་རིང་ལྷ་མོ།

ཡང་ཉིན་དེའི་བོད་ནང་གི་དགོང་དྲོའི་ཆུ་ཚོད་ ༨ པ་ཙམ་ལ་མདོ་སྨད་བླ་བྲང་བསང་ཆུ་རྫོང་བསང་ཁོག་ཡུལ་ཚོ། གསེར་ཁྲི་སྡེ་བའི་མགོན་པོ་སྐྱབས་ཚང་གི་མག་པ་རང་ལོ་ ༢༡ ཡིན་པའི་རྒྱལ་གཅེས་དཔའ་བོ་ཚེ་འཕཊ་སྐྱབས་སམ་ཚེ་བྷོ་ལགས་ཀྱིས་རྒྱ་གཞུང་གི་ནོར་འཁྲུལ་དང་གདུག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་ཆེད། བསང་ཁོག་ཡུལ་ཚོའི་ཀུང་ཧྲེ་རྙིང་པའི་རླངས་འཁོར་འབབ་ཚིགས་སུ་”རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་བྱེད་དུ་འཇུག་དགོས། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གིས་གཙོས་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་གཏོང་དགོས “ཞེས་འབོད་ཚིག་བསྒྲགས་ཤིང་། རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་དེ་གར་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག    ཁོང་སྐུ་གྲོངས་རྗེས་སྐུ་ཕུང་རྒྱ་ལག་ཏུ་ཤོར་མ་བཅུག་པར་ས་གནས་མང་ཚོགས་ཀྱིས་ཁོང་གི་སྐུ་ཕུང་བསང་ཁོག་གསེར་ཁྲིའི་རུ་ཁག་བཞི་བའི་རང་ཁྱིམ་དུ་གདན་འདྲེན་ཞུས་ཐུབ་ཡོད་པར་མ་ཟད།   མི་མང་མང་པོ་འདུ་འཛོམས་ཀྱིས་ཁོང་གི་སྐུ་ཕུང་སྲུང་ཡོད་པ་དང་། ས་གནས་དེར་དམག་མི་དང་ཉེན་རྟོག་པ་མང་བོ་འབྱོར་ནས་མི་མང་ལ་འཇིགས་སྐུལ་དང་དམ་དྲག་བྱས་ཡོད་འདུག

རྒྱལ་གཅེས་དཔའ་བོ་ཐུབ་དབང་སྐྱབས་ལགས།རྒྱལ་གཅེས་དཔའ་བོ་ཐུབ་དབང་སྐྱབས་ལགས།རྒྱལ་གཅེས་དཔའ་བོ་ཐུབ་དབང་སྐྱབས་ལགས།རྒྱལ་གཅེས་དཔའ་བོ་ཐུབ་དབང་སྐྱབས་ལགས།རྒྱལ་གཅེས་དཔའ་བོ་ཐུབ་དབང་སྐྱབས་ལགས་ནི།  བླ་བྲང་བསང་ཁོག་རུ་མང་རུ་ཁག་གཉིས་པའི་མི་ཡིན་པ་དང་། ད་ལོར་རང་ལོ་༢༣ ཡིན་པ་དང་།    ཁོང་གི་ཨ་མའི་མིང་ལ་ཀླུ་མོ་བྱམས་ཟེར་ཞིང་། ཁོ་མོར་བུ་གཉིས་ཡོད་པའི་ནང་ནས་ཆེ་བའི་མིང་ལ་བཀྲ་ཤིས་དོན་འགྲུབ་དང་། ཆུང་བ་ནི་དམ་པ་ཁོང་ཡིན་འདུག  ཁོང་བསང་ཁོག་གསེར་ཁྲིའི་རུ་ཁག་བཞི་བར་མག་པར་སོང་ནས་ལོ་གཅིག་མ་ཟིན་ཙམ་ཕྱིན་ཡོད་པ་དང་། བཟའ་ཟླའི་མིང་ལ་རྡོ་རྗེ་སྒྲོལ་མ་ཟེར་བ་ད་ལོར་རང་ལོ་༡༨ ཡིན་པ་རེད།  ཕྱི་ལོ་ ༢༠༠༩ ལོ་ནས་ཕྱི་ལོ་ ༢༠༡༢  ལོའི་ཟླ ༡༠ ཚེས ༢༦ བར་བོད་ནང་རང་ལུས་མེར་སྲེག་གནང་མཁན་ ༦༢ དང་།  རང་ལུས་མེར་སྲེག་གིས་འདས་གྲོངས་སུ་གྱུར་པ་ ༥༡  ཆགས་ཡོད་པ་རེད།

དེ་ཡང་ཕྱི་ལོ ༢༠༡༢  ཟླ་ ༡༠ ཚེས་ ༤ ཉིན་འབྲི་རུ་རྫོང་གི་རྒྱལ་གཅེས་དཔའ་བོ་དགུ་འགྲུབ་ལགས་དང།  ཚེས་ ༦ ཉིན་མདོ་སྨད་ཀན་ལྷོ་གཙོས་རྒྱལ་གཅེས་དཔའ་བོ་སངས་རྒྱས་རྒྱ་མཚོ་ལགས་དང།   ཚེས་ ༡༣ ཉིན་མདོ་སྨད་ཀན་ལྷོ་གཙོས་ཁ་སོག་གི་རྒྱལ་གཅེས་དཔའ་བོ་རྟ་མགྲིན་རྡོ་རྗེ་ལགས་དང།   ཚེས་ ༢༠ ཉིན་མདོ་སྨད་འབོ་རའི་རྒྱལ་གཅེས་དཔའ་བོ་ལྷ་མོ་སྐྱབས་ལགས་དང།   ཚེས ༢༢  ཉིན་མདོ་སྨད་བསང་ཆུ་བླ་བྲང་དུ་རྒྱལ་གཅེས་དཔའ་བོ་དོན་གྲུབ་ལགས་དང་།  ཚེས་ ༢༣ མདོ་སྨད་བསང་ཆུ་བླ་བྲང་དུ་རྒྱལ་གཅེས་དཔའ་བོ་རྡོ་རྗེ་རིན་ཆེན་ལགས་དང་། ཚེས་ ༢༥ ཉིན་ཆབ་མདོ་འབྲི་རུ་རྫོང་གི་རྒྱལ་གཅེས་དཔའ་བོ་ཚེ་སྤོ་ལགས་དང་། ཡང་ཚེས་ ༢༥ ཉིན་བོད་རང་སྐྱོང་ལྗོངས་ནག་ཆུ་འབྲི་རུ་རྫོང་གི་རྒྱལ་གཅེས་དཔའ་བོ་བསྟན་འཛིན་ལགས་དང་།  ཚེས ༢༦ ཉིན་མདོ་སྨད་བསང་ཆུ་ཨ་མཆོག་གི་རྒྱལ་གཅེས་དཔའ་བོ་ལྷ་མོ་ཚེ་བརྟན་ལགས། ཚེས་ ༢༦ ཉིན་མདོ་སྨད་བསང་ཁོག་གི་རྒྱལ་གཅེས་དཔའ་བོ་ཐུབ་དབང་སྐྱབས་ལགས་བཅས། ཕྱི་ཟླ་ ༡༠ པའི་ནང་གཅིག་པུར་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་ ༡༠ བྱུང་ཡོད་པ་རེད།

བོད་ནང་གི་བོད་མི་ཚོས།” ༧གོང་ས་མཆོག་བོད་དུ་ཕེབས་འཇུག་དགོས། བོད་མི་ཚོར་རང་དབང་དགོས་”ཞེས་སོགས་ཀྱི་འབོད་སྒྲ་བསྒྲགས་ཏེ། གཅིག་མཇུག་གཉིས་མཐུད་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་རུ་འགྲོ་བཞིན་ཡོད་པ་དང་། དེའི་རྒྱུ་རྐྱེན་ནི། བོད་མི་ཚོའི་ལུས་སེམས་གཉིས་དང་ཚེ་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་༧གོང་ས༸་སྐྱབས་མགོན་ཆེན་པོ་མཆོག  བོད་མི་མང་གི་རེ་འདུན་ལྟར་བོད་དུ་ཕེབས་འཇུག་རྒྱུར་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་རྒྱུ་དང་མཐའ་ན་མཐུན་ཕྱོགས་ཀྱི་རྣམ་འགྱུར་ཙམ་ཡང་མེད་པ། དེ་ལས་ལྡོག་སྟེ་རྒྱ་ནག་གཞུང་གིས་མཚན་སྨད་དང་ཉེས་འཛུགས་སྣ་ཚོགས་བྱེད་བཞིན་ཡོད། དཔེར་ན། ཟླ་འདིའི་ཚེས་ ༢༤ ཉིན་རྒྱ་ནག་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པ Hong Lei’s ཟེར་བས་པེ་ཅིང་དུ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཏུ། “བོད་ནང་རང་ལུས་མེར་བསྲེགས་ཀྱི་རྒྱུ་རྐྱེན་ཏཱ་ལའི་ཕྱོགས་ཁག་ལ་ཐུག་ཡོད་པ་དང་། ཕྱོགས་ཁག་དེས་རྒྱལ་ཁབ་ཁ་བྲལ་གྱི་དམིགས་ཡུལ་བཟུང་ནས། བོད་ནང་གི་བོད་མི་ཚོར་རང་ལུས་མེར་བསྲེག་གཏོང་དགོས”ཞེས་སྐུལ་མ་བྱེད་ཀྱི་ཡོད་ཅེས། གཞི་རྩ་དང་དཔང་རྟགས་གང་ཡང་མེད་པར་གཞི་མེད་ཀྱི་སྐྱོན་བརྗོད་བྱས་ཡོད།

དེ་བཞིན་ཟླ་འདིའི་ཚེས་ ༢༡ ཉིན་ཀན་ལྷོ་ཁུལ་སྤྱི་བདེ་ཅུས་ཟེར་བའི་ཉེན་རྟོག་ལས་ཁུངས་ནས། བོད་མིའི་རང་ལུས་མེར་བསྲེགས་དང་འབྲེལ་ཡོད་མི་སྣ་རྩིས་སྤྲོད་བྱེད་མཁན་བྱུང་ཚེ་རྒྱ་སྒོར་ཁྲི་ ༥ ནས་ ༢༠ བར་གྱི་བྱ་དགའ་སྤྲོད་རྒྱུ་ཡིན་པའི་བརྡ་ཁྱབ་སྤེལ་ཡོད་པ་དང་། བོད་མི་ཚོས་རང་ལུས་མེར་བསྲེགས་བཏང་དང་གཏོང་བཞིན་པའི་རྒྱུ་རྐྱེན་ནི།   རྒྱ་ནག་གཞུང་གིས་ཤེས་བཞིན་དུ། དངུལ་སྤྲད་ནས་འགོག་ཐབས་བྱས་དང་བྱེད་བཞིན་པའི་གཡོ་སྒྱུ་དེ་ཡིན་པ།  དེང་སྐབས་ཨ་རི་སོགས་སྟོབས་ཆེན་རྒྱལ་ཁབ་ཁག་གི་གསར་འགོད་པ་དང་ཆབ་སྲིད་མི་སྣ་སོགས་ཀྱི་དོ་སྣང་བྱེད་ཡུལ་ཆེ་ཤོས་ཤིག་ཆགས་བཞིན་ཡོད། རྒྱ་ནག་གཞུང་གི་བྱ་སྤྱོད་དེས་བོད་མིའི་དངོས་ཡོད་གནས་སྟངས་གསལ་རྟོགས་མེད་པ་དང་། བོད་མི་རིགས་ཀྱི་སྙིང་སྟོབས་དང་ལ་རྒྱ་ལ་རྒྱུས་མངའ་རྩ་བ་ནས་མེད་པའི་རྟགས་མཚན་གསལ་པོ་ཡིན། ད་དུང་ཡང་རྒྱ་ནག་གཞུང་གིས་འདི་ལྟར་ཞག་འགྱངས་ཉིན་ཕུད་ཀྱིས། འཛམ་གླིང་མི་མང་མགོ་སྐོར་གཏོང་ཆེད་དུ་གཞི་མེད་ཀྱི་སྐྱོན་འཛུགས་དང་། གཡོ་སྒྱུ་ཁོ་ནས་འཛམ་གླིང་མི་མང་མགོ་སྐོར་གཏོང་ཐབས་བྱས་དང་བྱེད་བཞིན་ཡོད།

བོད་ནང་རང་ལུས་མེར་བསྲེགས་ཀྱི་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བཞིན་པ་འདིའི་ངོ་བོ་ནི།  རྒྱལ་སྤྱིའི་སྟེང་འཚེ་མེད་ཞི་བའི་ལས་འགུལ་ཚད་མཐོ་ཤོས་ཤིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་དེ་ལྟར་ཡང་།  བོད་མི་རིགས་ལ་མི་འབོར་ཉུང་ཞིང་།  ད་ལྟའི་བོད་ནང་གི་གནས་སྟངས་ཛ་དྲག་ཅན་དེའི་འོག  བོད་མི་གཅིག་གི་སྐུ་སྲོག་ཤོར་ནའང་།  བོད་མི་རིགས་ལ་གྱོང་གུད་ཆེན་པོ་ཡིན་པ་སྨོས་མ་དགོས་པས།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་ལ་བློ་འཚབ་ཆེན་པོ་ཡོད་པ་དང་།  བོད་མི་རྣམས་ཀྱིས་སླད་ཕྱིན་སོ་སོའི་ཚེ་སྲོག་ལ་གཅེས་འཛིན་དགོས་པའི་འབོད་སྐུལ་ཞུ་རྒྱུ།  རྒྱ་གཞུང་གི་ངོས་ནས་ཛ་དྲག་གི་གནས་སྟངས་འདིའི་རྒྱབ་ལྗོངས་ལ་དྲང་བདེན་གྱིས་ཞིབ་འཇུག་བྱེད་དགོས་པར་མ་ཟད།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་ཀྱི་མཚན་སྨོད་སྐུར་འདེབས་གང་བྱུང་བྱེད་པ་ནི།  གཞིས་བྱེས་བོད་མི་ཡོངས་ཀྱི་སྙིང་ལ་གྲི་བཙུགས་པ་ལྟ་བུའི་ན་ཟུག་གཏོང་གི་ཡོད།  ད་དུང་མཁྲེགས་འཛིན་གྱི་སྲིད་བྱུས་ལ་འགྱུར་བ་མ་བཏང་ན།  བོད་ས་ཁྱོན་ཡོངས་སུ་ད་ལྟའི་གནས་ཚུལ་འདི་ལས་ཇེ་སྡུག་ཏུ་འགྱུར་སྲིད་པས་འབྱུང་འགྱུར་གྱི་འགན་ཡོངས་རྫོགས་རྒྱ་ནག་གཞུང་གིས་ཁྱེར་དགོས་ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་རྒྱལ་སྤྱིའི་ནང་ཐེངས་མང་ཞུས་ཡོད་ལ་ད་དུང་ཡང་འདི་བཞིན་ནན་བརྗོད་བྱེད་རྒྱུ་ཡིན།

ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༩ ཉིན།