རྒྱལ་གཅེས་དཔའ་བོ་ཕྱག་རྡོར་སྐྱབས་ལགས་ཀྱིས་རང་ལུས་མེར་སྲེག་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

༄༅། །ཕྱི་ལོ ༢༠༡༧ ཟླ ༥ ཚེས ༢ ཉིན་བོད་མདོ་སྨད་བསང་ཆུ་འབོ་ར་བདར་མདོ་སྡེ་བའི་ཕ་བཟོད་པ་དང་། མ་སྒྲོལ་མ་མཚོ་གཉིས་ཀྱི་བུ་རང་ལོ ༡༦ སོན་པ་ཕྱག་རྡོར་སྐྱབས་ལགས་ནས་འབོ་ར་དགོན་པའི་གླིང་སྐོར་ནང་། ‘’བོད་ལ་རང་དབང་དགོས། ༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས།’’ཞེས་དགོན་པ་ནས་འབོ་ར་ཡུལ་ཚོའི་ས་གནས་རྒྱ་གཞུང་གི་ལས་ཁུངས་ཕྱོགས་སུ་རྒྱུགས་འདུག་ཀྱང་། མེ་ལྕེ་ལྷབ་ལྷབ་དུ་འབར་བའི་དབང་གིས་ས་ལ་འགྱེལ་འདུག དེ་མ་ཐག་ཉེན་རྟོག་པ་དང་དམག་མི་འབྱོར་ནས་མེ་བསད་དེ་བཙན་འཁྱེར་བྱས་འདུག་པས། ད་ལྟའི་ཆར་ཁོང་གི་གནས་སྟངས་ཅི་ཡིན་གསལ་ཁ་གང་ཡང་བྱུང་མེད།

ད་བར་རྒྱལ་གཅེས་དཔའ་བོ་དཔའ་མོ ༡༤༨ ཀྱིས་རང་གི་གཅེས་པའི་ལུས་སྲོག་མེ་ལ་སྒྲོན་ཏེ། ༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས་པ་དང་། བོད་ལ་རང་དབང་དགོས་སོགས་ཀྱི་མངོན་འདོད་བསྟུད་མར་བསྒྲགས་པར། རྒྱ་ནག་གཞུང་གིས་མཐའ་གཅིག་ཏུ་དྲག་གནོན་བཙོན་འཇུག རྡུང་རྡེག་ཚ་ནན་གཏོང་བ་ལས་བོད་མི་ཚོའི་མངོན་འདོད་ངོ་མ་ཅི་ཡིན་དང་། གཅེས་ཤིང་རིན་ཐང་གཞལ་མེད་ཀྱི་ཚེ་སྲོག་མེ་ལ་སྦར་ཏེ་བོད་ཀྱི་བདེ་སྡུག་ཞུ་བའི་དངོས་ཡོད་གནས་སྟངས་ལ་ཉན་འཇོག་ཁྱོན་ནས་མི་གནང་བ་ནི་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ནང་དག་ཐབས་མེད་པའི་ཉེས་པ་ཆེན་པོར་གྱུར་ཡོད། དུས་རབས་ཀྱི་གོམ་འགྲོས་ནི་རང་དབང་དང་ཤེས་ཡོན། མང་གཙོའི་བསམ་ཚུལ་དང་ལྡན་པའི་ཕྱོགས་སུ་བསྐྱོད་བཞིན་པར་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་དང་མི་མང་སུས་ཀྱང་འགལ་ཟླའི་གླགས་མི་རྙེད་པས། རྒྱ་ནག་གཞུང་གིས་བོད་ཐོག་ལག་བསྟར་བྱས་པའི་སྲིད་བྱུས་རྣམས་མི་སྤྱོད་ལས་ཡོངས་སུ་འདས་པ་མི་རབས་གསར་པ་ཚོས་ཐེར་འདོན་གནང་ངེས།

༸གོང་ས་ཐམས་ཅད་མཁྱེན་པ་གསེར་ཞལ་ལྷམ་མེར་བཞུགས་ཤིང་། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འོག་བོད་མི་མང་གི་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་ཆོད་སེམས་ཧ་ཅང་བརྟན་པའི་གོ་སྐབས་བཟང་པོ་ཆུད་ཟོས་སུ་མ་བཏང་བར། དེའི་རིན་ཐང་དུས་ལྟར་ངོས་འཛིན་ཐུབ་པ་གནང་སྟེ། རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་མངོན་འདོད་ལ་བདག་པོ་རྒྱག་དགོས་པ་ནི་རྒྱ་ནག་གཞུང་ངེས་པར་དུ་བསྐྱོད་དགོས་པའི་ཡང་དག་པའི་ལམ་བུ་ཞིག་ཡིན། དེ་མིན་འདི་མུར་གནས་ཚེ་རང་སྲེག་གི་འགན་འཁུར་ཡོངས་རྫོགས་རྒྱ་ནག་གཞུང་ལ་ཡོད་པ་ནན་བརྗོད་བྱས་པ་ཡིན།།