རྒྱལ་གཅེས་དཔའ་བོ་དོན་གྲུབ་ལགས་ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་ནོར་འཁྲུལ་སྲིད་བྱུས་ལ་ངོ་རྒོལ་གྱིས་སྐུ་གཤེགས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

 

རྒྱལ་གཅེས་དཔའ་བོ་དོན་གྲུབ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ།རྒྱལ་གཅེས་དཔའ་བོ་དོན་གྲུབ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ།

རྒྱལ་གཅེས་དཔའ་བོ་དོན་གྲུབ་ལགས།རྒྱལ་གཅེས་དཔའ་བོ་དོན་གྲུབ་ལགས།ཕྱི་ལོ༢༠༡༢  ཟླ༡༠  ཚེས༢༢  ཉིན།  བོད་ནང་གི་ཆུ་ཚོད་༩།༤༠ ཡས་མས་སུ་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྟོན་ཆོས་ར་བའི་ནང་དུ།  རང་ལོ་༦༠  ནང་ལ་སོན་པའི་རྒྱལ་གཅེས་དཔའ་བོ་དོན་གྲུབ་ལགས་ནས་སྐུ་ལུས་མེར་བསྲེགས་གནང་སྟེ།   རྒྱ་གཞུང་གི་ནོར་འཁྲུལ་དང་གདུག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་”༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས”ཞེས་སྐད་འབོད་རྒྱག་བཞིན་སྐུ་ལུས་མེར་བསྲེགས་བཏང་བར།   རྒྱ་གཞུང་ཉེན་རྟོག་པས་བཙན་འཁྱེར་བྱེད་རྩིས་བྱས་ཀྱང་སྐབས་དེར་སྐོར་བ་འགྲོ་མཁན་མང་པོས་འཁྱེར་མ་བཅུག་པར་སྲུང་བཞིན་པའི་སྐབས་དགོན་པའི་དོ་དམ་མི་སྣ་འབྱོར་ཏེ།  གང་མྱུར་སྨན་ཁང་དུ་བསྐྱལ་ཡང་མེ་འབར་ཡུན་རིང་བ་དང་འབར་ཤུགས་ཆེ་བས་སྐུ་གྲོངས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག  དེ་ཡང་ཉེ་སྔོན་རྒྱལ་གཅེས་དཔའ་མོ་སྒྲོལ་དཀར་འཚོ་ལགས་དང་།  སངས་རྒྱས་རྒྱ་མཚོ་ལགས།  རྟ་མགྲིན་རྡོ་རྗེ་ལགས་ལྷ་མོ་སྐྱབས་ལགས་བཅས་ནས་རང་ལུས་མེར་བསྲེགས་བཏང་བར་རྒྱ་གཞུང་གིས་ཀན་ལྷོ་ས་ཁུལ་གྱི་ས་གནས་དང་ལྷག་པར་དུ་དགོན་པ་དག་གི་སྐོར་ལམ་ཁག་ཏུ་མངོན་གསལ་དང་མངོན་གསལ་མ་ཡིན་པའི་དམག་མི་འགྲེམས་འཇོག་གིས་དམ་དྲག་འཇིགས་སྐུལ་གྱི་བསུན་གཙེར་སྣ་མང་བྱས་པ་ལ་བརྟེན་ནས་ནམ་རྒྱུན་བླ་བྲང་དགོན་དུ་སྐོར་བ་འགྲོ་མཁན་རྒྱལ་གཅེས་དཔའ་བོ་ཁོང་གིས་སེམས་ཁམས་ལ་གནོད་སྐྱོན་ཆེན་པོ་བཟོས་ཡོད་སྐོར་འབྲེལ་ཡོད་ནས་ནན་བརྗོད་བྱེད་ཀྱི་ཡོད་འདུག་ལ།    ད་ལྟའི་ཆར་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པར་སྒོ་ཕྱི་ནང་ཙམ་དུ་ཡང་འགྲོ་བསྐྱོད་ལ་རང་དབང་མེད་པར་བཀག་སྡོམ་ཆེན་བྱེད་ཀྱི་ཡོད་པ་རེད་འདུག

རྒྱལ་གཅེས་དཔའ་བོ་དོན་གྲུབ་ལགས་ཀྱི་ཁྱིམ་ཚང།རྒྱལ་གཅེས་དཔའ་བོ་དོན་གྲུབ་ལགས་ཀྱི་ཁྱིམ་ཚང།

བླ་བྲང་བཀྲ་ཤིས་འཁྱིལ།བླ་བྲང་བཀྲ་ཤིས་འཁྱིལ།

རྒྱལ་གཅེས་དཔའ་བོ་དོན་གྲུབ་ལགས་ནི།  བོད་མདོ་སྨད་བླ་བྲང་བསང་ཆུ་རྫོང་ཁོངས་(མདའ་སྨད་ཡུལ་ཚོ)གནམ་ལྷ་གོང་ཞོལ་བར་གསུམ་དུ་ཕྱེས་པའི་ནང་ཚན་གནམ་ལྷ་གོང་མའི་ཧོར་ཁ་གྱ་སྡེ་བའི་མི་ཡིན་ཞིང་། ལོ་ངོ་བཅོ་ལྔའི་ཡར་སྔོན་ཙམ་ལ་ཧོར་ཁ་གྱ་ནས་བླ་བྲང་སྔགས་སྡེ་རུ་གཞིས་སྤར་ནས་ད་ལྟ་སྔགས་པ་སྡེ་བ་རུ་སྡོད་མུས་དང་།    དམ་པ་ཁོང་རང་ལོ་དྲུག་ཅུའི་ནང་ཡོད་པ་དང་།     སྐྱེས་དམན་གྱི་མིང་ལ་སྒྲོལ་མ་འཚོ་དང་།  ཁོང་གཉིས་ལ་ཕྲུ་གུ་མེད་པས་བུ་སྐལ་ཞིག་བླངས་པའི་མིང་ལ་བན་དེ་མཁར་ཟེར་ཞིང་། སྔགས་པ་བྱས་རྗེས་མིང་ལ་རིག་འཛིན་ཆོས་འཕེལ་ཟེར་གྱི་ཡོད་འདུག།

དེ་ལྟར་ན།  རྒྱལ་གཅེས་དཔའ་བོ་དོན་གྲུབ་ལགས་ནི།  ཕྱི་ལོ་༢༠༠༩  ལོ་ནས།  ཕྱི་ལོ་༢༠༡༢  ལོའི་ཟླ ༡༠  ཚེས༢༢ བར་བོད་ནང་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་ནོར་འཁྲུལ་དང་གདུག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་གནང་མཁན་༥༧ པ་དང་།   རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་སུ་གྱུར་བ་༤༧ པ་དེ་ཆགས་ཡོད།  རྒྱ་གཞུང་གིས་བོད་ནང་ཆོས་དད་རང་དབང་དང་།  འགྲོ་བ་མིའི་ཐོབ་ཐང་། སྨྲ་བརྗོད་རང་དབང་།  སྐད་ཡིག་གོམས་གཤིས།  ས་ཆུ་བདག་གཅེས་སོགས་ཁོར་ཡུག་དང་བཅས་པ་མངོན་ལྐོག་བརྒྱུད་གསུམ་ནས་གཏོར་བཤིག་དང་།  མི་འབོར་སྤོ་ཤུགས་ཀྱི་བཙན་རྒོལ་སོགས་བོད་ཡུལ་རྒྱ་ཡུལ་ཅན་དུ་བསྒྱུར་འཆར་གྱི་ལས་འགུལ་རབས་དང་རིམ་པ་སྤེལ་བ་དང་།  བོད་མི་རིགས་ཀྱི་རྒྱུན་ལྡན་སེམས་ཁམས་ལ་གནོད་པའི་སློབ་གསོའི་རྣམ་གྲངས་བཙན་ཤེད་ཀྱིས་ལག་བསྟར་བྱས་པས།  བོད་ས་ཁྱོན་ཡོངས་སུ་འ་ཆད་འུ་ཐུག་གིས་རྩ་ཆེའི་ལུས་སྲོག་མེར་བསྲེགས་བཏང་སྟེ། ཆེས་ཚད་མཐོ་བའི་འཚེ་མེད་ཞི་བའི་ངོ་རྒོལ་གྱི་ལས་འགུལ་རིམ་བསྟུད་དུ་སྤེལ་བར། རྒྱ་གཞུང་གིས་སྣང་ཆུང་ཁྱད་གསོད་ཀྱིས་དེ་དག་གི་རྒྱུ་རྐྱེན་དང། ངོ་བོ། བྱེད་ལས་བཅས་ལ་སྒྲོ་སྐུར་འཁྱོག་བཤད་སྣ་ཚོགས་བྱས་ཏེ། ཡ་ལན་ཁྱོན་ནས་མི་བྱེད་ཁར། ད་དུང་ཁྲིམས་མེད་ལུགས་མེད་ཀྱིས་འཇིགས་སྐུལ་དྲག་ཤུགས་ཀྱིས་གཉའ་གནོན་བྱས་དང་བྱེད་བཞིན་པ་ནི། ཧ་ཅང་བློ་ཕམ་སྐྱེ་གཞི་ཞིག་ཡིན་པར་མ་ཟད། བོད་ཕྱི་ནང་གི་ཤ་ཁྲག་གཅིག་པའི་སྤུན་ཟླ་མི་རིགས་ཚང་མའི་སྙིང་ལ་གྲི་བཙུགས་པ་བཞིན་བརྗེད་དཀའ་བའི་ན་ཟུག་བཏང་སྟེ། ཞེ་འཁོན་སློང་བཞིན་ཡོད། གནས་སྟངས་འདིའི་མདུན་རྒྱབ་ལ་རྒྱ་གཞུང་གིས་དངོས་ཐོག་བདེན་འཚོལ་གྱིས་བསམ་ཞིབ་མ་བྱས་ན། ད་དུང་ཛ་དྲག་གི་གནས་བབ་འདི་ལས་ཇེ་སྡུག་ཏུ་འགྱུར་ངེས་པས་འབྱུང་འགྱུར་གྱི་འགན་ཡོངས་རྫོགས་རྒྱ་གཞུང་གིས་འཁྱེར་དགོས།

བླ་བྲང་དུ་དམ་དྲག་བྱེད་བཞིན་པ།བླ་བྲང་དུ་དམ་དྲག་བྱེད་བཞིན་པ།

རྒྱ་གཞུང་གིས་གཡོ་རྫུན་གྱི་འཁྱོག་བཤད་དེ་དག་ཇི་སྐད་བཤད་པ་ལྟར་གནས་ཚུལ་བདེན་པ་ཡིན་ན།   རྒྱལ་སྤྱིའི་ངོ་བོ་ཅན་གྱི་སྒྲིག་འཛུགས་ཁག་གི་སྐུ་ཚབ་དང་།   རྒྱལ་ཁབ་ཁག་གི་རྟོག་ཞིབ་པ་དང།  གསར་འགོད་པ་བཀག་སྡོམ་མེད་པར་ཤར་གཏོང་གིས་ཞིབ་འཇུག་བྱེད་དུ་འཇུག་པ་དང་།  ཕྱོགས་ལྷུང་གི་སྲིད་བྱུས་བཅོས་བསྒྱུར་ཡོ་བསྲང་གིས་ཐབས་སྡུག་གི་གནས་ཚུལ་དེའི་རིགས་མི་ཡོང་རྒྱུར་འགན་འཁྱེར་དགོས་ཞེས་ནན་བརྗོད་བྱེད་ཀྱི་ཡིན།

བླ་བྲང་དུ་དམ་དྲག་བྱེད་བཞིན་པ།བླ་བྲང་དུ་དམ་དྲག་བྱེད་བཞིན་པ།

བླ་བྲང་བཀྲ་ཤིས་འཁྱིལ་བའི་སེར་སྐྱ་མང་ཚོགས་ཀྱིས་སྨོན་ལམ་གསུང་བཞིན་པ།བླ་བྲང་བཀྲ་ཤིས་འཁྱིལ་བའི་སེར་སྐྱ་མང་ཚོགས་ཀྱིས་སྨོན་ལམ་གསུང་བཞིན་པ།

དེ་བཞིན་རྒྱལ་སྤྱིའི་ངོ་བོ་ཅན་གྱི་སྒྲིག་འཛུགས་དང་།  རྒྱལ་ཁབ་ཁག་གིས་ཀྱང་འགྲོ་བ་མིའི་རང་དབང་དང་ཐོབ་ཐང་།  དྲང་བདེན་ལ་རྒྱབ་སྐྱོར་གྱིས་བོད་ནང་གི་ཛ་དྲག་གི་གནས་ཚུལ་ལ་མངོན་གསལ་དོད་པོས་ངོས་འཛིན་དང་རྒྱབ་སྐྱོར་ཐོག་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་དང།  ཕ་མ་བུ་ཕྲུག་དང་བཟའ་ཟླ་ནང་མི།  ལུས་སྲོག་ལོངས་སྤྱོད་ཡོངས་རྗོགས་བློས་གཏོང་གིས་རྒྱལ་སྤྱིའི་ཐོག་རེ་བའི་མིག་འབུར་གཏོད་པའི་ངོ་རྒོལ་གྱི་ལས་འགུལ་འདི་དག་ལ་བསམ་ཞིབ་ཐོག་ཁ་ཡོད་ལག་ཡོད་ཀྱིས་རྒྱབ་སྐྱོར་གནང་རྒྱུར་རེ་སྐུལ་ནན་མོ་བྱེད་རྒྱུ་ཡིན།

ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༢ ཉིན།།