རྒྱ་གར་ཤར་ཕྱོགས་ཨོ་ཌི་ཤ་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གྱི་ལས་དོན་སྤེལ་བཞིན་པ།

༄༅། །བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་བཅས་ནས་རྒྱ་གར་མངའ་སྡེ་ཁག་ནང་བོད་དོན་ཞུ་སྐུལ་གྱི་ལས་དོན་མུ་མཐུད་བཞིན་པ་ལྟར། ཕྱི་ལོ་ ༢༠༢༣ ཟླ་ ༨ པའི་ཚེས་ ༢༠ ཉིན་གྱི་ཕྱི་དྲོ་ནུབ་བྷེང་གྷལ་གྱི་མངའ་སྡེའི་རྒྱལ་ས་ཀོལ་ཀ་ཏ་ནས་ཕེབས་ཐོན་གནང་སྟེ། ཆུ་ཚོད་ ༥།༠༠ ཐོག་རྒྱ་གར་ཤར་ཕྱོགས་ཨོ་ཌི་ཤ་མངའ་སྡེའི་རྒྱལ་ས་བྷུ་བུ་ནེ་ཤེ་ཝར་གནམ་ཐང་དུ་འབྱོར་བ་དང་། ཨོ་ཌི་ཤ་ཕུན་ཚོགས་གླིང་གི་ས་གནས་འགོ་འཛིན་མཁན་པོ་པདྨ་བསྟན་འཕེལ་ལགས་ཀྱིས་ཕེབས་བསུ་ཞུས་གནང་འདུག

ཀ་ལིང་གྷ་བཟོ་ལས་དང་འཕྲུལ་རིགས་སྡེ་ཚན་ལྟེ་གནས་ (Kalinga Institute of Industrial Technology (KIIT)) མགྲོན་ཁང་ནས་གོ་སྒྲིག་གནང་བའི་སྣུམ་འཁོར་ནང་ཕེབས་ཐོན་གྱིས་སྤྱི་ཚོགས་དང་ན་གཞོན་ཡར་རྒྱས་ཚོགས་པ་ (Center for Youth and Social Development (CYSD)) ཞེས་པའི་ལྟེ་གནས་ཁང་དུ་ཕེབས་ཏེ། དེ་གའི་འགན་འཛིན་སྐུ་ཞབས་ ཇགྷ་དྷ་ ནན་དྷ་ མཆོག་ནས་ཕེབས་བསུ་དང་སྣེ་ལེན་ཞུས་གནང་རྗེས། དགོང་མོ་ཆུ་ཚོད་ ༦།༣༠ ནས་ ༧།༤༥ བར་ལྟེ་གནས་ཁང་དེའི་ཚོགས་ཁང་དུ་འགན་འཛིན་སྐུ་ཞབས་ ཇགྷ་དྷ་ ནན་དྷ་ (Shri Jagadananda, Mentor & Co-founder, Center for Youth and Social Development (CYSD)) མཆོག་གི་གཙོ་སྐྱོང་འོག་བོད་དོན་དང་འབྲེལ་བའི་གལ་ཆེའི་ཚོགས་འདུ་ཞིག་ཆེད་སྐོང་གནང་ཞིང་། ཚོགས་ཞུགས་པ་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ སུ་ཇེཏ་ ཀུ་མར་ (Shri Sujeet Kumar, Hon’ble Member of Parliament, RS) མཆོག་དང་། སློབ་དཔོན་ཆེན་མོ་ སུ་དྷཱ་ཀར་ པན་དྷ་ (Prof. Sudhakar Panda  Ex-Vice Chancellor Birla Global University) མཆོག ངེས་སྟོན་པ་ཟུར་པ་ བྷ་སནཏ་ མོ་ཧན་ཊི་ (Basant Mohanty, Former Director, CARE-Odisha) མཆོག སི་ ཨེས་ ཨར་གྱི་འགན་ཁུར་བ་སྐུ་ཞབས་ ཨམ་བྷི་ཀ་ པར་སདྷ་ ནན་དྷ་ (Shri Ambika Prasad Nanda, CSR Head, TATA Steel) མཆོག བུད་མེད་ཀྱི་འགན་ཁུར་བ་ལྕམ་སྐུ་ ལཱ་ལི་ཏ་ མི་སལ་ (Ms. Lalita Misal, National Alliance for Women) མཆོག གཞུང་ཞབས་ཟུར་པ་སྐུ་ཞབས་ མ་དྷུ་ སུ་དྷན་ མི་ཤ་ (Sri Madhusudan Misha, IAS (Retd.), Registrar, JK University) མཆོག་སོགས་དང་གསར་འགོད་པ་བཅས་གལ་ཆེའི་གནད་ཡོད་མི་སྣ་ ༤༥ ཙམ་ལྷན་འཛོམས་ཐོག་སྐུ་ཞབས་ སུ་ཇེཏ་ ཀུ་མར་ མཆོག་ནས་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོ་སྤྲོད་དང་། བོད་དོན་ལ་རྒྱབ་སྐྱོར་ཡོང་ཐབས་སོགས་ཀྱི་སྐོར་དང་།

སྤྱི་འཐུས་རྣམས་ནས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། འཕགས་བོད་དབར་གྱི་རིག་གཞུང་འབྲེལ་ལམ། བོད་དོན་དེ་རྒྱ་གར་ལ་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་གནས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད། འབྲེལ་ཡོད་སོ་སོས་རྣམ་པ་མ་འདྲ་བའི་ཐོག་ནས་བོད་དོན་རྒྱབ་སྐྱོར་ཡོང་ཐབས་སོགས་ཀྱི་གསུང་བཤད་གནང་བ་དང་། ཚོགས་ཞུགས་པ་རྣམས་ནས་ཐུགས་སྣང་ཆེན་པོས་གླེང་སློང་དང་དྲི་བ་གནང་བ་རྣམས་ལ་ལན་འདེབས་གནང་བ་སོགས་ཚོགས་འདུ་དོན་སྙིང་དང་ལྡན་པ་བྱུང་འདུག

སྐབས་དེའི་གནས་ཚུལ་ཕྱི་ཚེས་ ༢༡ ཉིན་གྱི་ (The Telegraph) གསར་འགྱུར་ནང་བཀོད་ཐོན་བྱུང་ཡོད། སྐུ་ཞབས་ སུ་ཇེཏ་ ཀུ་མར་ མཆོག་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཞུ་ཡིག་ཕུལ་བ་དང་། གཞན་བོད་ཡིག་དང་། ཨིན་ཡིག ཨོ་ཌི་སྐད་ཡིག་བཅས་ནང་འཁོད་པའི་བོད་དོན་ཞུ་སྐུལ་གྱི་ཡིག་ཆ་རྣམས་འགྲེམ་སྤེལ་ཞུས་རྗེས་དགོང་མོ་ཆུ་ཚོད་ ༨།༡༥ ཙམ་གྱི་ཐོག་སྡོད་གནས་ཀ་ལིང་གྷ་བཟོ་ལས་དང་འཕྲུལ་རིགས་སྡེ་ཚན་ལྟེ་གནས་ཀྱི་མགྲོན་ཁང་དུ་ཕྱིར་ཐོན་གནང་ཡོད་འདུག

༢༠༢༣ ཟླ་ ༨ ཚེས་ ༢༡ སྔ་དྲོ་ཆུ་ཚོད་ ༡༡།༡༥ ཙམ་ཐོག་བྷུ་བུ་ནེ་ཤེ་ཝར་དུ་ཡོད་པའི་ (NIC) ཀོང་རེ་སེ་སྲིད་དོན་ཚོགས་པའི་ལས་ཁུངས་སུ་ཆེད་བཅར་ཞུས་ཤིང་། མ་འོངས་དབུས་དང་མངའ་སྡེའི་གྲོས་ཚོགས་འཐུས་མིའི་འོས་བསྡུའི་ལས་དོན་དང་འབྲེལ་སྲིད་དོན་ཚོགས་པའི་ཚོགས་ཆེན་ཚོགས་བཞིན་པར་བརྟེན་འབྲེལ་ཡོད་རྣམས་ལ་བྲེལ་བ་ཧ་ཅང་ཆེན་པོ་ཡོད་ནའང་། མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ དྷས་ ར་ཐི་ གྷོ་མན་གྷོ་ (Shri Dasarathi Gomango, MLA) མཆོག་དང་། སྐུ་ཞབས་ ས་རཏ་ པཊ་ནིག་ (Shri Sarat Patnaik, President, OPCC) མཆོག སྐུ་ཞབས་ སུ་དྷར་ཤན་ དྷས་ (Shri Sudarshan das, Social Activist, chairman of RGPRS,) མཆོག སྐུ་ཞབས་ སམ་རེན་དྷར་ (Shri Samarendra, MP Candidate) མཆོག མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ སུ་རེན་དྷར་ རའུ་ཊེ་ (Shri Surendra Routray, MLA) མཆོག སྐུ་ཞབས་ པར་དྷེ་ཡམ་ན་ དྷས་ (Pradyumna Das, Social Activist)  མཆོག སྐུ་ཞབས་ ཀུ་ནལ་ བྷན་ནར་ཇེ་ (Shri Kunal Bannerjee, National Coordinator RGPRS) མཆོག སྐུ་ཞབས་ ཀེ་ ར་ཇུ་ (Shri K Raju CWC Member)  མཆོག་སོགས་ནས་ཆེད་མངགས་དུས་ཚོད་བཏང་སྟེ་ཆུ་ཚོད་གཅིག་ཙམ་རིང་མཇལ་འཕྲད་ཀྱི་གོ་སྐབས་གནང་ཡོད་ཅིང་། སྐབས་དེར་སྤྱི་འཐུས་རྣམ་པས་བོད་དོན་ཞུ་སྐུལ་གྱི་ཡིག་ཆ་ཁག་ཕུལ་བ་དང་སྦྲགས། བོད་དོན་དང་འབྲེལ་བའི་གནད་དོན་མང་པོའི་ཐོག་ལ་བགྲོ་གླེང་ལྷུག་པོ་བྱུང་བ་མ་ཟད། མ་འོངས་པར་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་ཡོང་བའི་མགྲོན་འབོད་བཅས་ཞུས་གནང་འདུག

ཆུ་ཚོད་ ༡།༠༠ ཙམ་ཐོག་ (BJP) སྲིད་དོན་ཚོགས་པའི་ལས་ཁུངས་སུ་ཆེད་བཅར་གྱིས་མངའ་སྡེའི་གྲོས་ཚོགས་འཐུས་མི་རྣམས་མངའ་སྡེ་གཞན་ཞིག་ཏུ་ཟབ་སྦྱོང་ལ་ཕྱིན་ཟིན་ཡོད་ཅིང་། མངའ་སྡེའི་སྲིད་དོན་ཚོགས་པའི་དྲུང་ཆེ་སྐུ་ཞབས་ མ་ནསེ་ ཀུ་མར་ མོ་ཧན་ཏེ་ (Shri Manas Kumar Mohanty, St. Gen. secretary (Org) BJP) མཆོག་དང་། སྐུ་ཞབས་ མ་ཧེཤ་ ཅན་དྷར་ མོ་ཧན་ཏེ་ (Shri Mahesh Chandra Mohanty, SEM, BJP) མཆོག་གཉིས་དང་མཇལ་འཕྲད་ཞུས་ཏེ་བོད་དོན་ཞུ་སྐུལ་གྱི་ཡིག་ཆ་ཁག་ཕུལ་བ་དང་། སྲིད་དོན་ཚོགས་པའི་ཁྱབ་ཁོངས་དབུས་དང་མངའ་སྡེའི་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་རྣམས་ལ་བོད་དོན་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་གནང་རོགས་ཞུས་གནང་འདུག

ཕྱི་དྲོ་ཆུ་ཚོད་ ༥།༡༥ ཐོག་བྷུ་བུ་ནེ་ཤེ་ཝར་ནས་ཀི་ལོ་མི་ཊར་ ༧༠ ཙམ་གྱིས་རྒྱང་ཐག་ཆོད་པའི་པུ་རི་ས་གནས་སུ་བཞུགས་པ་ཧིན་དྷུའི་བླ་ཆེན་ ཇ་གྷཌ་ གུ་རུ་ ཤན་ཀར་ ཨཅརྱ་ ཤྲི་ ནིས་ཀ་ལན་དྷ་ ས་རཱ་སྭཏི་ (Shri Nischalananda Saraswati, 145th Jagadguru Shankaracharya of Govardhan Math) མཆོག་མཇལ་འཕྲད་ཞུས་ཏེ་མཇལ་དར་དང་། ༸གོང་ས་མཆོག་གི་མཛད་རྣམ་ཕྱག་དེབ། བོད་དོན་ཞུ་སྐུལ་གྱི་ཡིག་ཆ་བཅས་ཕུལ་ནས་བོད་དོན་བདེན་མཐའ་གསལ་ཐབས་ཆེད་ཐུགས་སྨོན་དང་སྐྱབས་འཇུག་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་ཡོད་པ་དང་། ཧིན་དྷུའི་ལྷ་ཁང་གྲགས་ཅན་ ཇ་གྷན་ནཐ་ རུ་མཆོད་མཇལ་ཞུས་གནང་ཡོད།

ཕྱི་ཚེས་ ༢༠ དང་ ༢༡ གཉིས་ཀྱི་བོད་དོན་ཞུ་སྐུལ་གྱི་ལས་རིམ་ཁག་ནང་ཨོ་ཌི་ཤ་ས་གནས་འགོ་འཛིན་མཆོག་ཀྱང་མཉམ་ཞུགས་གནང་ཡོད་པ་བཅས།