རྒྱ་གར་ལྷོ་ཕྱོགས་ཏ་མིལ་ན་དུ་མངའ་སྡེའི་ནང་གི་བོད་དོན་ཞུ་སྐུལ་གྱི་ལས་དོན་ཁག་ཡོངས་སུ་ལེགས་གྲུབ་བྱུང་བ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༨ པའི་ཚེས་ ༡༩ ཉིན་བོད་མི་མང་སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག་དང་། སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་མཆོག་རྣམ་གཉིས་ནས་ཉིན་གྲངས་བཞིའི་རིང་གི་རྒྱ་གར་ལྷོ་ཕྱོགས་ཏ་མིལ་ན་དུ་ (Tamil Nadu) མངའ་སྡེའི་ནང་གི་བོད་དོན་ཞུ་སྐུལ་གྱི་ལས་དོན་ཁག་ཡོངས་སུ་ལེགས་གྲུབ་བྱུང་ཡོད་འདུག

དེ་ཡང་ཕྱི་ཚེས་ ༡༦ ཉིན་རྒྱ་གར་རྒྱལ་ཡོངས་འཕྲུལ་རིག་གཙུག་ལག་སློབ་གཉེར་ཁང་ (Indian Institute of Technology Madras) གི་བོད་དོན་དང་འབྲེལ་བའི་ཉམས་ཞིབ་ཚན་པ་ (Tibetscapes) ཡི་གོ་སྒྲིག་དང་། མཐོ་སློབ་འདིའི་རྒྱ་ནག་དང་། རྒྱལ་སྤྱིའི་སྲིད་དོན་སློབ་གཉེར་ཚན་པའི་སློབ་དཔོན་ལྕམ་སྐུ་སོ་ནི་ཀ་ གྷུབ་ཏ་ (Dr. Sonika Gupta, Associate Professor in Chinese Studies and Global Politics at Department of Humanities) ལགས་ཀྱིས་གསུང་བཤད་ལས་རིམ་གཙོ་སྐྱོང་འོག བོད་མི་མང་སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག་དང་། སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་མཆོག་རྣམ་གཉིས་ནས་མཐོ་སློབ་འདིའི་སློབ་ཕྲུག་རྣམས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་བའི་མང་གཙོའི་འཕེལ་རིམ་སྐོར་དང་། རྒྱ་གར་གཞུང་མང་གཉིས་ནས་བཙན་བྱོལ་བོད་མི་རྣམས་ལ་མཐུན་འགྱུར་གནང་བཞིན་པའི་སྐོར། བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་བཅས་ཀྱི་ཐོག་གསུང་བཤད་དང་། ཕན་ཚུན་དགོངས་ཚུལ་བརྗེ་ལེན་གནང་འདུག

གཞན་ཡང་དེ་ཉིན་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ནས་གཙུག་ལག་སློབ་གཉེར་ཁང་གི་སྒྱུ་སྩལ་དང་། སྤྱི་ཚོགས་ཚན་རིག་ཚན་པའི་འགན་འཛིན་སློབ་དཔོན་ཆེན་པོ་ཇོ་ཡོ་ཏིར་མཱ་ཡཱ་ ཊི་རི་པ་ཐི་ (Professor Jyotirmaya Tripathy, the Head of Department of Humanities and Social Sciences) མཆོག་དང་ལྷན་མཇལ་འཕྲད་ཀྱིས་མ་འོངས་པར་མཐོ་སློབ་ཀྱི་ཚན་པ་འདི་བརྒྱུད་དོ་སྣང་ཅན་གྱི་སློབ་ཕྲུག་རྣམས་ལ་བོད་ཀྱི་གནད་དོན་གོ་རྟོགས་སྤེལ་རྒྱུའི་ལས་འཆར་ཐོག་བཀའ་བསྡུར་གནང་འདུག

ཕྱི་ཚེས་ ༡༧ ཉིན་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ནས་ཏ་མིལ་ན་དུ་མངའ་སྡེའི་ཀོང་རེ་སི་སྲིད་དོན་ཚོགས་པའི་ལས་ཁུངས་སུ་ཚོགས་པའི་ཚོགས་གཞོན་སྐུ་ཞབས་པོན་ ཀི་རི་ཤི་ན་མུར་ཐི་ (Shri. Pon. Krishnamurthy, Vice President of Tamil Nadu Congress Committe) ལགས་དང་། ཚོགས་གཞོན་སྐུ་ཞབས་ཨེ་ གྷོ་པ་ནཱ་ (Shri. A. Gopana, Vice President of Tamil Nadu Congress Committe) ལགས་རྣམ་གཉིས་ཀྱིས་གཙོས་ཚོགས་པའི་དྲུང་ཆེ་རྣམ་པ་དང་། ཚོགས་མི་རྣམ་པ་མཇལ་འཕྲད་གནང་ཞིང་།

སྐབས་དེར་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་དང་། ཚོགས་གཙོའི་མཚན་ཐོག་ནས་གནང་བའི་བོད་དོན་ཞུ་ཡིག་བཅས་ཕུལ་བ་དང་སྦྲགས། བོད་དོན་སྐོར་སྤྱི་དང་། ལྷག་པར་དུ་བོད་ཀྱི་གནད་དོན་རྒྱ་གར་ལ་གལ་ཆེན་པོ་ཇི་ལྟར་ཆགས་ཀྱི་ཡོད་པའི་སྐོར་སོགས་འགྲེལ་བརྗོད་གནང་རྗེས། མངའ་སྡེའི་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་གཞོན་པོན་ ཀི་རི་ཤི་ན་མུར་ཐི་ལགས་ཀྱིས་ (Vasant Media) ཞེས་པའི་གསར་འགོད་པར་བོད་དོན་སྐོར་གསུངས་འདུག

ཉིན་རྒྱབ་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ནས་མངའ་སྡེའི་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཝི་ པི་ ཌུ་རེ་ས་མི་ (Shri. V. P. Duraisamy, Vice President, BJP, Tamil Nadu) ལགས་དང་ལྷན་མཇལ་འཕྲད་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་དང་། ཚོགས་གཙོའི་མཚན་ཐོག་ནས་གནང་བའི་བོད་དོན་ཞུ་ཡིག་བཅས་ཕུལ་བ་དང་སྦྲགས། བོད་དོན་སྐོར་འགྲེལ་བརྗོད་གནང་རྗེས། སྐུ་ཞབས་ཁོང་གིས་འབྱུང་འགྱུར་བྷི་ཇེ་པི་དབུས་ཀྱི་དབུ་ཁྲིད་རྣམ་པར་བོད་དོན་སྐོར་ཐད་ཀར་གསུང་རྒྱུའི་ཞལ་བཞེས་གནང་ཡོད་འདུག་པ་བཅས།

ཕྱི་ཚེས་ ༡༨ ཉིན་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་ཏ་མིལ་ན་དུ་མངའ་སྡེའི་རྒྱལ་ས་ཅི་ནཡེ་ (Chennai) ལ་རྟེན་གཞི་བྱས་པའི་ཐེ་ཝན་གཞུང་ཚབ་ཁང་གི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་རི་ཅར་ཌི་ སི་ ཨེལ་ ཆེན་ (Mr. Richard C. L. Chen, the Director-General of the Taipei Economic and Cultural Center) ལགས་དང་། ཁོང་གི་ཕྱག་རོགས་དེ་གའི་འགན་འཛིན་སྐུ་ཞབས་ཌེ་ནི་སི་ ཨེམ་ ཨེ་སི་ ཚཡེ་ (Mr. Dennis M. S. Tsai (Director)) ལགས་དང་ལྕམ་སྐུ་སུ་ སེན་ ཆེང་ (Ms. Su-Hsien Cheng (Director)) ལགས། འགན་འཛིན་གཞོན་པ་ལྕམ་སྐུ་ཨེན་ཇི་ལ་ ཏུང་ (Ms. Angela Tung (Deputy Director)) ལགས་བཅས་དང་ལྷན་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་གནས་སྟངས་སྐོར་དང་། བོད་མིའི་སྒྲིག་འཛུགས་དང་ཐེ་ཝན་གཞུང་གི་དབར་གྱི་འབྲེལ་ལམ་སྐོར་ལ་གསུངས་པ་མ་ཟད། བོད་མི་མང་སྤྱི་འཐུས་རྣམ་པ་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གནང་རྒྱུའི་དགོས་དམིགས་ཁག་གསུངས་འདུག དེ་རྗེས་ས་གནས་བོད་ཀྱི་སྨན་རྩིས་ཁང་ལ་གཟིགས་སྐོར་ཕེབས་གནང་འདུག

ཕྱི་ཚེས་ ༡༩ ཉིན་སྤྱི་འཐུས་རྣམ་པ་གཉིས་ནས་ལོ་ཡོ་ལ་ (Loyola College) མཐོ་སློབ་ཀྱི་སློབ་སྤྱི་འབུམ་རམས་པ་ཨེ་ ལེའོ་སི་ ཨ་རོག་ཀེ་རཱ་ཇཱ་ (Principal Rev. Dr A. Louis Arockiaraj SJ,) ལགས་དང་ལྷན་མཇལ་འཕྲད་ཀྱིས་མཐོ་སློབ་འདི་ནས་བོད་པའི་སློབ་ཕྲུག་བརྒྱ་ཕྲག་ལ་ཤེས་ཡོན་མཐུན་འགྱུར་གནང་སྟེ་སློབ་མཐར་སོན་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཨིན་ཡིག་ཐོག་ཡོད་པའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་”ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་།” ཞེས་པ་ཕུལ་གནང་འདུག མཇལ་འཕྲད་སྐབས་བོད་དོན་རྒྱབ་སྐྱོར་གནང་མཁན་སློབ་དཔོན་ཝི་ ཨན་ཊོ་ (Professor V. Anto) ལགས་དང་། ཁྲིམས་རྩོད་པ་ཨར་ཝིན་ཊ་ (Arvind) ལགས་རྣམ་གཉིས་ལྷན་བཅར་ཞུས་འདུག

གཞན་ཡང་སྤྱི་འཐུས་རྣམ་པ་གཉིས་ནས་དེ་ཉིན་ཡུན་རིང་བོད་དོན་རྒྱབ་སྐྱོར་གནང་མཁན་ ཡི་ཤུ་ཆོས་དཔོན་སྐུ་ཞབས་མེ་ཁེལ་ཧ་བྷར་ཌེ་ (Michael Hubert) ལགས་དང་ལྷན་མཇལ་འཕྲད་གནང་རྗེས། ཏ་མིལ་ན་དུ་མངའ་སྡེའི་ནང་གི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་ཀྱིས་ཀེ་ར་ལ་མངའ་སྡེའི་ནང་ཕེབས་ཐོན་གྱིས་མུ་མཐུད་བོད་དོན་ཞུ་སྐུལ་གནང་རྒྱུ་ཡིན་པ་བཅས། །