རྒྱ་གར་རྒྱལ་ས་ལྡི་ལིར་ཞུ་སྐུལ་གྱི་ལས་འགུལ་ཉིན་ལྔ་པ།

བོད་མི་མང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་དང་། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་རྣམ་གཉིས་ཀྱིས་རྒྱལ་ས་ལྡི་ལིར་རྒྱ་གར་དབུས་གྲོས་ཚོགས་གོང་འོག་གི་འཐུས་མི་དང་། སྲིད་དོན་ཚོགས་པ་ཁག་གི་གནད་ཡོད་མི་སྣ་མཇལ་འཕྲད་དང་། མཐོ་སློབ་ཁག་ཏུ་བོད་དོན་སྐོར་གསུང་བཤད་གནང་བ་སོགས་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད།

དེ་ཡང་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༨ ཉིན་གུང་ཇ་ཝ་ཧར་ལལ་ ནེ་རུ་ གཙུག་ལག་སློབ་གྲྭ་ཆེན་མོ་ (Jawaharlal Nehru University) བོད་དོན་སྐོར་གསུང་བཤད་དང་། དགེ་སློབ་རྣམ་པའི་དྲིབ་ཁག་ལ་ལན་འདེབས་གསལ་བཤད་དང་། ཉིན་རྒྱབ་རྒྱ་གར་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་རྩོད་པའི་ཚོགས་པའི་ (Supreme Court Bar Association) ཚོགས་གཞོན་སྐུ་ཞབས་ སུ་ཀུ་མར་ པ་ཊ་ཇོ་ཤི་ (Shri Sukumar Pattjoshi) མཆོག་དང་། དྲུང་ཆེ། རྒྱུན་ལས་བཅས་དང་ལྷན་མཇལ་འཕྲད་གནང་འདུག

 

དེ་རྗེས་རྒྱ་གར་ལོ་རྒྱུས་ཉམས་ཞིབ་ལྷན་ཁང་ (Indian Council of Historical Research) གི་དྲུང་ཆེ་འབུམ་རམས་པ་ཨོམ་ ཇེ་ ཨུ་པ་དྷེ་ (Dr. Om Jee Upadhay མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་སྐོར་བཀའ་བསྡུར་གནང་འདུག

མཇལ་འཕྲད་སྐབས། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ཆོས་ཉིད་ཚེ་རིང་ལགས་རྣམ་གཉིས་མཉམ་བཅར་ཞུས་ཡོད་པ་བཅས།