རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༧༧ པའི་དུས་ཆེན་སྲུང་བརྩིའི་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་དང་། སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་རྣམ་གཉིས་མཉམ་ཞུགས་གནང་བ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༡༥ རེས་གཟའ་མིག་དམར་ཉིན་ཧི་མ་ཅཱལ་མངའ་སྡེའི་རྫོང་སྡེ་ལས་ཁུངས་སུ་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༧༧ པ་སྲུང་བརྩིའི་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་རྣམ་གཉིས་མཉམ་ཞུགས་གནང་འདུག

མཛད་སྒོའི་སྐུ་མགྲོན་གཙོ་བོར་རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་སྐུ་ཞབས་མུ་ཀེ་ཤི་ ཨེག་ནི་ཧོ་ཏི་རི་ (Shri. Mukesh Agnihotri, Deputy CM of Himachal Pradesh) མཆོག་དང་། མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀེ་ཝལ་ སིངྒ་ (Shri. Kewal Singh, MLA) མཆོག མངའ་སྡེའི་གྲོས་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་ཀི་ཤོ་རི་ ལལ་ (Shri Kishori Lal, Chief Parliamentary Secretary) མཆོག་སོགས་སྐུ་མགྲོན་དུ་ཕེབས་ཡོད་འདུག

དེ་ཡང་མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་ནས་རྒྱ་གར་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་དང་། དེ་རྗེས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་འདུག

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་དང་། སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་རྣམ་གཉིས་ནས་རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་མཆོག་གིས་གཙོས་གནད་ཡོད་སྐུ་མགྲོན་རྣམས་ལ་འཚམས་འདྲིའི་མཇལ་དར་དང་།  དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༧༧ པའི་ཐོག་ཁོང་རྣམས་ལ་འཚམས་འདྲི་ཞུས་གནང་འདུག་པ་བཅས། །