རྒྱ་གར་མ་ཧ་ར་ཤ་ཀྲ་མངའ་སྡེའི་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་གཞོན་དང་། རྒྱ་གར་སྲོལ་རྒྱུན་སྨན་གྱི་ལྷན་ཚོགས་ཀྱི་འགན་འཛིན་སོགས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༡༣ ཉིན་རྒྱ་གར་མ་ཧ་ར་ཤ་ཀྲ་མངའ་སྡེའི་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཨོ་པེན་དྷ་ར་ ཀོ་ཐི་ཀར་ (Dr. Upendra Kothekar) ལགས་དང་། རྒྱ་གར་སྲོལ་རྒྱུན་སྨན་གྱི་ལྷན་ཚོགས་ཀྱི་འགན་འཛིན་སྨན་པ་ལྕམ་སྐུ་མ་ནི་ཤཱ་ ཀོ་ཐི་ཀར་ (Dr. Manisha Kothekar) ལགས། རྒྱ་གར་སྲོལ་རྒྱུན་སྨན་གྱི་ལྷན་ཚོགས་ (NCISM) ཀྱི་ཁྱབ་ཁོངས་ཡུ་ནཱ་ནི་དང་། སི་དྡྷ། གསོ་བ་རིག་པའི་ཚོགས་ཆུང་ (Board of Unani, Siddha & Sowa-Rigpa, BUSS) གི་ཚོགས་གཙོ་འབུམ་རམས་པ་ཨ་སིམ་ ཨ་ལི་ ཁན་ (Prof. Asim Ali Khan) ལགས་བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ་དང་། སྐབས་དེར་དཔལ་ལྡན་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་ཚོགས་གཙོའི་ལས་ཁུངས་སུ་མཇལ་འཕྲད་གནང་སོང་། སྐབས་དེར་རྡ་ས་སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱི་སྨན་རམས་པ་ངག་དབང་བཟོད་པ་ལགས་མཉམ་བཅར་ཞུས་འདུག

མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཕེལ་རིམ་དང་། གྲུབ་ཆ། ལས་དོན་གནང་ཕྱོགས་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཐོག་ནས་མང་གཙོ་ཇི་ལྟར་ལག་བསྟར་གནང་བཞིན་ཡོད་པའི་སྐོར་ངོ་སྤྲོད་དང་། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མང་གཙོའི་དགོངས་གཞི་དང་། བཙན་བྱོལ་ནང་བོད་མི་ཚོས་མུ་མཐུད་མང་གཙོའི་ལམ་སྲོལ་རྒྱུན་འཁྱོངས་ཇི་ལྟར་གནང་མིན་སྐོར་ལ་ངོ་སྤྲོད་གནང་སོང་། 

རྒྱ་གར་དང་། བོད་གཉིས་དབར་ཆོས་དང་རིག་གཞུང་། ལོ་རྒྱུས་ཀྱི་འབྲེལ་བ་ལས་འཕྲོས་ཏེ། བོད་ཀྱི་གནད་དོན་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཙམ་མ་ཡིན་པར། མཐོ་སྒང་བོད་ནི་རྒྱ་གར་གཙོས་པའི་ཨེ་ཤི་ཡའི་རྒྱལ་ཁབ་མང་པོ་ཞིག་ལ་བབས་པའི་ཆུ་བོའི་འབྱུང་ཁུངས་ཡིན་སྟབས། རྒྱ་ནག་དམར་གཞུང་གིས་འཇིགས་སླ་བའི་མཐོ་སྒང་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་བཏང་བ་དེས། རྒྱ་གར་གཙོས་པའི་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་འཚོ་བའི་བདེ་འཇགས་ལའང་ཉེན་ཁ་ཆེན་པོ་བཟོ་ཡི་ཡོད་སྐོར་གསུངས་སོང་།

སྐུ་མགྲོན་རྣམ་པས་བཙན་བྱོལ་བོད་མིའི་མང་གཙོ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་ཐོག་ཐུགས་སྣང་ཆེན་པོས་དོགས་འདྲི་ཕུལ་བ་ཁག་ལ་དཔལ་ལྡན་ཚོགས་གཙོ་མཆོག་གིས་ལན་འདེབས་གསལ་བཤད་དང་། མཐར་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་གནང་ཡོད་པ་བཅས།