རྒྱ་གར་བྱང་ཤར་ཤིས་ལོངས་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ ལས་འགུལ་འགོ་འཛུགས་གནང་བ།

 

རྒྱ་གར་བྱང་ཤར་ཤིས་ལོངས་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད།

༄༅། །ད་ལྟའི་བོང་ནང་གི་ཛ་དྲག་གནས་སྟངས་རྣམས་རྒྱལ་སྤྱིའི་ཐོག་བརྒྱུད་བསྒྲགས་ཆེད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་རྒྱལ་སྤྱིའི་ཁྱོན་ཡོངས་སུ་སྤེལ་རྒྱུའི་ཁོངས། ཐོག་མར་རྒྱ་གར་བྱང་ཕྱོགས་ལ་དྭགས་དང་། ལྷོ་ཕྱོགས་ཀོ་ཅི། བྱང་ཤར་ཤིས་ལོངས་གསུམ་ནས་སྐུའི་འཁྲུངས་སྐར་ཉིན་འགོ་འཛུགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་སྐོར་བསྐྱོད་གནང་འཆར་ཡོད་པ་ལྟར།

ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༦ ཉིན་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་དྲན་དང་བསྟུན་ནས། བྱང་ཤར་ཤིས་ལོངས་བོད་མི་འདུག་སྡོད་བྱེད་སའི་ས་གནས་སུ་ལས་འགུལ་དངོས་སུ་འགོ་བཙུགས་ཡོད་པ་རེད། ཐོག་མར་ས་གནས་དེའི་དགའ་ལྡན་ཆོས་གླིང་བོད་དགོན་དུ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ལས་ཀྱི་སྣེ་མོ་བ་དང་སེར་སྐྱ་མི་མང་རྣམས་འདུ་འཛོམས་གནང་སྟེ་བསང་གསོལ་སོགས་གྲུབ་པ་དང་། སྐུ་མགྲོན་གྱི་གཙོ་བོ་རྒྱ་གར་མཱི་གྷ་ལཱ་ཡ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཆཱར་ལི་སི་པིང་རོབ་ཕེབས་བསུ་ཞུས། ས་གནས་འགོ་འཛིན་ལས་ཁང་ནས་ཁོང་ལ་བོད་ལུགས་ཀྱི་ཆས་གོས་ཕུལ་བ་ལྟར་མནབས་ནས་མཛད་སྒོར་ཕེབས་པ་དང། ས་གནས་འགོ་འཛིན་ལྷག་པ་ཚེ་རིང་གིས་དབྱིན་སྐད་ཐོག་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་རྗེས། བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་ཚོགས་ཆུང་གི་འཐུས་མི་སྤྱི་འཐུས་འཇམ་དབྱངས་བཟོད་པས་ལས་འགུལ་གྱི་སྐོར་གཏམ་བཤད་བྱས། དེ་ནས་ཕྱོགས་བཞུགས་སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་ལགས་ཀྱིས་དབྱིན་སྐད་ཐོག་འཁྲུངས་སྐར་དང་ལས་འགུལ་གྱི་སྐོར་གསུང་བཤད་གནང།

དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་བོད་དང་བོད་མིའི་ཆེད་དུ། བོད་མིའི་སྒྲིག་འཛུགས་ཀྱི་འགོ་འཁྲིད་རྣམས་མཇལ་འཕྲད་གནང་པའི་སྐོར་དང། བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དེས་འཛམ་གླིང་གཉིད་ལས་དཀྲོག་ནས་བོད་དོན་ཐོག་སྔར་ལས་ལྷག་པ་དོ་སྣང་ཡོང་བ་ཕན་ཐོགས་ཆེན་པོ་ཡོང་རྒྱུ་སོགས་སྙིང་ཉེ་བའི་གསུང་བཤད་གནང་ནས། ཧིན་སྒོར་འབུམ་གཅིག་གསོལ་རས་གནང་སོང། དེ་རྗེས་བདེན་པའི་མེ་ལྕེ་དབུ་འབྱེད་གནང་ནས་མཚན་རྟགས་བསྡུ་རུབ་ཀྱི་ལས་གཞིའི་ཐོག་ཁོང་གིས་མཚན་རྟགས་ཐོག་མ་བསྐྱོན་གནང་མཛད། དེ་རྗེས་རིམ་གྱིས་ཤིས་ལོངས་ས་གནས་སུ་ཉིན་གྲངས་བཞིའི་རིང་། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་མཉམ་འབྲེལ་གྱིས། བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་པ་དང་། ལོ་འདིའི་ཟླ་ ༡༢ ཚེས་ ༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་བར། བོད་མི་འདུས་སྡོད་ཀྱི་ས་གནས་ཁག་ཚང་མ་བརྒྱུད་ནས། བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ཡོང་གི་ཡོད་པས། དེ་དོན་བོད་མི་ཚང་མས་དོ་སྣང་གནང་རོགས་ཞུ་རྒྱུ་ཡིན་སོགས་ཞེས་གསུངས་ཡོད་པ་རེད།།

གནས་ཚུལ་མཁོ་གཏོང་བ་ཤིས་ལོངས་ས་གནས་ནས་བོད་མི་མང་སྤྱི་འཐུས་འཇམ་དབྱངས་བཟོད་པ།

རྒྱ་གར་བྱང་ཤར་ཤིས་ལོངས་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད།རྒྱ་གར་བྱང་ཤར་ཤིས་ལོངས་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད།