རྒྱ་གར་པན་ཇབ་མངའ་སྡེའི་ལུ་དྷི་ཡ་ནར་༧སྐུའི་གོ་སྟོན་དང་འབྲེལ་བྱམས་བརྩེའི་ལོ་སྲུང་བརྩིའི་མཛད་སྒོར་དཔལ་ལྡན་ཚོགས་གཞོན་མཆོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༨ པའི་ཚེས་ ༡༥ ཉིན་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་གོ་སྒྲིག་འོག རྒྱ་གར་པན་ཇབ་མངའ་སྡེའི་ལུ་དྷི་ཡ་ན་གྲོང་སྡེའི་ (King Place) ཚོགས་ཁང་ནང་རྒྱ་གར་དང་བོད་ཀྱི་རིག་གཞུང་གཞས་སྣ་འཁྲབ་སྟོན་དང་། ༧རྒྱལ་བའི་མཛད་རྣམ་དང་འབྲེལ་བའི་པར་རིས་འགྲེམས་སྟོན་སོགས་ཀྱི་ཐོག་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་གོ་སྟོན་དང་འབྲེལ་བྱམས་བརྩེའི་ལོ་སྲུང་བརྩི་གཟབ་རྒྱས་ངང་ཞུས་གནང་སོང་།

སྐབས་དེའི་དུས་སྟོན་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག དཔལ་ལྡན་ཁྲིམས་ཞིབ་པ་གཞན་ཟླ་བ་ཕུན་སྐྱིད་མཆོག་དང་བླ་བྲང་འཕགས་པ་ཚེ་རིང་མཆོག གཞན་སྐུ་མགྲོན་དུ་སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་དང་། སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག དཔལ་འབྱོར་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས། ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས། བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དོན་གྲུབ་ཚེ་རིང་ལགས། འཕགས་བོད་འབྲེལ་མཐུད་ཚོགས་པའི་དྲུང་ཆེ་སྐུ་ཞབས་པན་ཀཇ་ གྷོ་ཡལ་ (Shri Pankaj Goyal) ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Bharat Tibbat Sangh) ཡི་དྲུང་ཆེ་སྐུ་ཞབས་སུཀ་མིན་དྷར་པལ་སིངྒ་ གྷི་རེ་ཝལ་ (Shri Sukhminderpal Singh Grewal) ལགས། (Bharat Tibbet Samvad Manch) ཚོགས་པའི་དྲུང་ཆེ་སྐུ་ཞབས་ཀེ་རི་ཤན བྷར་ཌི་ཝཇ་ (khrishan Bhardwaj) ལགས། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མཱ་ནུ་ཇི་ ཀུ་མར་ (Manoj Kumar) ལགས། (Lala Tibetan Hosiery Association) ཚོགས་པའི་ཚོགས་གཙོ་ན་ཝེན་ སུ་ཌི་ (Naveen Sood) ལགས། (Indo Tibetan Hosiery Association) ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཌི་ སི་ ཀ་པུར་ (D C Kapoor) ལགས། ལྡི་ལི་ (Jafarabad) ཚོང་ལས་ཚོགས་པའི་ཚོགས་གཙོ་ཨ་ཤི་རི་ཕུ་ (Ashrif) ལགས། བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་དབུས་རྒྱུན་ལས་ཟུར་རྣམ་པ། རྒྱ་གར་གྱི་ས་ཁུལ་ཁག་ ༢༣༤ ཙམ་གྱི་ཚོང་པ་ཚོགས་པའི་འཐུས་མིའི་སྐུ་ཚབ་སོགས་ཆེད་ཕེབས་གནང་འདུག

སྐབས་དེར་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་འབྲེལ་ཏེ། བོད་པའི་སྤྱི་ཚོགས་ནང་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་ནི་འཁྲུངས་སྐར་དགའ་སྟོན་སྲུང་བརྩི་ཙམ་མ་ཡིན་པར་ང་ཚོའི་ངོ་བོ་སྲུང་བརྩི་ཞུ་རྒྱུའི་ཉིན་མོ་ཞིག་ཀྱང་ཆགས་ཀྱི་ཡོད་པ་དང་། མགོན་པོ་གང་ཉིད་ཀྱི་བཀའ་དགོངས་འགྲུབ་རྒྱུ་གལ་ཆེན་པོ་ཡིན་པ། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ལ་བཙན་བྱོལ་དུ་ཐོག་མར་ཕེབས་འབྱོར་སྐབས། ཕྱོགས་གཅིག་ནས་རྒྱ་དམར་གྱི་བཙན་གནོན་འོག་སྤུན་ཟླ་མང་པོའི་ཚེ་སྲོག་ཤོར་བ་དང་། རང་ཡུལ་རྒྱ་དམར་ལག་ཏུ་ཤོར་བའི་སྡུག་བསྔལ་དང་། ཕྱོགས་གཞན་ཞིག་ནས་བཙན་བྱོལ་ནང་བོད་མི་སྐྱབས་བཅོལ་བའི་གནས་བབ་ཧ་ཅང་གི་དཀའ་ངལ་ཆེ་བའི་དུས་སུ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་དང་། རྒྱ་གར་གཞུང་མང་གི་མཐུན་འགྱུར་རྒྱབ་སྐྱོར་འོག བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། ཤེས་ཡོན་བསྟི་གནས། དགོན་སྡེ་ཁག་རིམ་པས་གསར་འཛུགས་བསྐྱངས་ཏེ། བོད་ཀྱི་སྐད་ཡིག་དང་། རིག་གཞུང་། མི་རིགས་ཀྱི་ངོ་བོ་ད་བར་སྲུང་སྐྱོབ་ཐུབ་པ་བྱུང་ཡོད་ཅེས་དང་། གོ་སྐབས་འདི་བརྒྱུད་རྒྱ་གར་གཞུང་མང་གཉིས་ལའང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན་ཞེས་དང་། དེ་བཞིན་ཉེ་ཆར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ ༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་བ་དེས་བོད་མི་དང་རྗེས་འཇུག་པ་ཙམ་མ་ཡིན་པར། འཛམ་གླིང་ཡོངས་ལ་རེ་བའི་འོད་སྣང་ཞིག་སྩོལ་གནང་མཛད་ཡོད་སྐོར། ལྷག་པར་དུ་འདི་ལོ་བོད་མིའི་སྒྲིག་འཛུགས་ནས་༧སྐུའི་གོ་སྟོན་དང་འབྲེལ་བྱམས་བརྩེའི་ལོ་ཞེས་ལོ་འཁོར་མོར་སྲུང་བརྩི་ཞུ་བཞིན་ཡོད་སྟབས། ཚང་མས་མགོན་པོ་གང་ཉིད་ཀྱི་རླབས་ཆེན་གྱི་མཛད་འཕྲིན་དག་འཛམ་གླིང་ནང་ཁྱབ་སྤེལ་གང་ཐུབ་གནང་དགོས་སྐོར་གསུངས་སོང་།

བཙན་བྱོལ་བོད་མི་སུད་ཚོང་བ་རྣམས་དང་། རྒྱ་གར་ལཱ་ལཱ་དབར་གྱི་འབྲེལ་བའི་སྐོར་ལ་གསུངས་དོན། བཙན་བྱོལ་བོད་མི་སུད་ཚོང་བ་དང་། རྒྱ་གར་ལཱ་ལཱ་དབར་གྱི་འབྲེལ་བ་ནི་ཕན་ཚུན་ཡིད་ཆེས་འཕེར་བའི་འབྲེལ་བ་དམ་ཟབ་ཡོད་པ་ཞིག་དང་། དེས་བོད་མིའི་ནམ་རྒྱུན་འཚོ་བ་ལ་ཕན་པ་ཙམ་མ་ཟད། བོད་ཀྱི་རྩ་དོན་འཐབ་རྩོད་ལའང་ཕན་ཐོགས་བྱུང་ཡོད་ཅེས་དང་། གོ་སྐབས་འདི་བརྒྱུད་རྒྱ་གར་ཚོང་ཤག་ལཱ་ལཱ་རྣམས་ལ་ཐུགས་རྗེ་ཆེ་ཞེས་ཞུས་སོང་།

རྒྱ་གར་རང་བཙན་ཉིན་མོར་འཚམས་འདྲི་དང་འབྲེལ། རྒྱ་གར་དང་། བོད་པའི་འཐབ་རྩོད་ནི་དྲང་བདེན་གྱི་འཐབ་རྩོད་གཅིག་མཚུངས་ཡིན་པའི་སྐོར་དང་། རྒྱ་གར་རང་བཙན་འཐབ་རྩོད་ཐོག་རྒྱ་གར་སྤྱི་དང་། ལྷག་པར་པན་ཇབ་མངའ་སྡེའི་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོས་བདེན་དོན་ཆེད་འཐབ་རྩོད་གནང་སྟེ་རང་བཙན་ཐོབ་ཡོད་པ། བོད་མི་ཚོས་དྲང་བདེན་གཞི་རྩར་བཟུང་ནས་རང་དབང་ཆེད་འཐབ་རྩོད་གནང་བཞིན་ཡོད་སྟབས། ཚང་མས་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ། ༧གོང་ས་མཆོག་གི་བཀའ་སློབ་གནང་བ་རྣམས་ལག་ལེན་བསྟར་རྒྱུ་ནི་༧སྐུའི་འཁྲུངས་སྐར་གྱི་ལེགས་སྐྱེས་ངོ་མ་ཞིག་ཆགས་ཀྱི་ཡོད་སྐོར་སོགས་གསུངས་སོང་།

 

གཞན་ཡང་མཛད་སྒོའི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་དང་། རྒྱ་གར་ལཱ་ལཱ་ཚོགས་པ་ཁག་གི་ཚོགས་གཙོ་ཁག་ཅིག་ནས་གསུང་བཤད། བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་གཙོ་བསོད་ནམས་སྟོབས་རྒྱལ་ལགས་ནས་འཚམས་འདྲིའི་གསུང་བཤད། བོད་ཀྱི་ཟློས་གར་ཚོགས་པ་དང་། གཞས་པ་གཞས་མ་ཁག་ཅིག་ནས་བོད་དང་། རྒྱ་གར་གྱི་གཞས་སྣ་གཟིགས་འབུལ། ཚོགས་གཞོན་བསོད་ནམས་དོན་ལྡན་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་གནང་སོང་བ་བཅས།