རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་སྐུ་ཞབས་ཨ་ཇིཏ་སིངྷ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐུགས་གསོ་ཞུས་པ།

ཕྱི་ལོ་ ༢༠༡༤ ལོར་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་རྒྱལ་ས་ལྡི་ལིར་ (Rashtriya Lok Dal (RLD)) སྲིད་དོན་ཚོགས་པའི་དབུ་འཁྲིད་སྐུ་ཞབས་ཨ་ཇིཏ་སིངྷ་ (Ajit Singh) མཆོག་དང་མཇལ་འཕྲད་གནང་སྐབས། 

༄༅། ། རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་དང་། ར་ཤི་ཏི་རི་ཡ་ ལོག་ དྷལ་ (Rashtriya Lok Dal (RLD)) སྲིད་དོན་ཚོགས་པའི་དབུ་འཁྲིད་སྐུ་ཞབས་ཨ་ཇིཏ་སིངྷ་ (Ajit Singh) མཆོག་སྐུ་ཚེའི་འཕེན་པ་རྫོགས་པར། ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༦ ཉིན་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དམ་པ་ཁོང་གི་ཤུལ་ལུས་ནང་མི་ཡོངས་ལ་ཐུགས་གསོ་ཞུས་གནང་འདུག

དེ་ཡང་དམ་པ་ཁོང་གི་བུ་རྒྱ་གར་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ཇཱ་ཡན་ཊ་ ཅའོ་དྷ་རི་ (Shri Jayant Chaudhary) མཆོག་ལ་བསྐུར་བའི་ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། སྐུ་ཞབས་ཁྱེད་ཀྱི་ཡབ་ཨ་ཇིཏ་སིངྷ་ (Ajit Singh) མཆོག་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོས་འཕྲལ་ང་ཚོ་ཚང་མ་བློ་ཕམ་ཆེན་པོ་བྱུང་།

སྐུ་ཞབས་ཨ་ཇིཏ་སིངྷ་མཆོག་ནི་ཡུ་པི་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ར་ཤི་ཏི་རི་ཡ་ ལོག་ དྷལ་ (Rashtriya Lok Dal (RLD)) སྲིད་དོན་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་དང་། ཚོགས་པའི་ཚོགས་གཙོ། རྒྱ་གར་ཆབ་སྲིད་ཀྱི་གནད་ཡོད་མི་སྣ་ཞིག་ཡིན་ཞིང་། དམ་པ་ཁོང་གི་མི་ཚེའི་བྱ་གཞག་གི་བརྒྱུད་རིམ་ནང་། སྐུ་ཞབས་ཁོང་ནས་སྐབས་བརྒྱད་རིང་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་འཐུས་མི་གནང་བ་དང། སྐབས་བཞིའི་རིང་རྒྱ་གར་དབུས་གཞུང་གི་བློན་ཆེན་གནང་ཡོད། དེས་མ་ཟད་དམ་པ་ཁོང་ནི་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཟུར་པ་ཞིག་ཡིན། གཞན་ཡང་དམ་པ་ཁོང་ནི་རྒྱ་གར་གཞུང་མང་གཉིས་ལ་རང་དོན་བློས་བཏང་གི་ཞབས་འདེགས་ཞུ་མཁན་གྱི་དབུ་འཁྲིད་ནུས་པ་ཅན་ཞིག་ཡིན་པ་ཚང་མས་དྲན་ངེས་ཡིན།

སྐུ་ཞབས་ཁྱེད་ཀྱི་མེས་པོ་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ཅའོ་དྷ་རི་ ཅཱ་རན་ སིངྷ་ (Shri.Chaudhary Charan Singh) མཆོག་གིས་ཐོག་མར་བོད་དོན་རྒྱབ་སྐྱོར་གནང་འགོ་འཛུགས་པ་ནས་བཟུང་། ད་བར་ཁྱེད་ཀྱི་ཁྱིམ་ཚང་ནས་བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་བཞིན་ཡོད། ང་ཚོ་བོད་མི་ཚོས་ཁྱེད་ནང་མི་ལྷན་རྒྱས་ནི་བདེན་པ་དང་། བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གལ་ཆེན་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད།

སྐུ་ཞབས་དམ་པ་ཨ་ཇིཏ་སིངྷ་མཆོག་ལ་ཕྱི་ལོ་ ༡༩༩༠ ལོར་བཞུགས་སྒར་རྡ་སར་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུ་རྒྱུའི་གོ་སྐབས་བྱུང་ཡོད། དམ་པ་ཁོང་རྒྱ་གར་དབུས་གཞུང་གི་བློན་ཆེན་དང་། གྲོས་ཚོགས་འཐུས་མི་གནང་སྐབས་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་དང་། ང་རང་སྒེར་བཅས་ལ་སོ་སོར་མཇལ་མོལ་གནང་རྒྱུའི་གོ་སྐབས་བྱུང་བ་དང་། དེ་བཞིན་སྐུ་ཞབས་ཁྱེད་དང་ལྷན་དུའང་མཇལ་འཕྲད་གནང་རྒྱུའི་གོ་སྐབས་ཐོབ་བྱུང་། དེས་མ་ཟད། དམ་པ་ཁོང་ནི་ང་ཚོ་བོད་མི་ཚོའི་ལམ་སྟོན་ཞུ་སའི་དབུ་འཁྲིད་ཅིག་ཀྱང་ཡིན།

སྐུ་ཞབས་ཁྱེད་དང་། ཁྱེད་ཀྱི་ཡབ་དམ་པ་སྐུ་ཞབས་ཨ་ཇིཏ་སིངྷ་མཆོག་རྣམ་གཉིས་ནས་བོད་དོན་ཆབ་སྲིད་ལས་འགུལ་དང་། བོད་དོན་ལྷན་ཚོགས་མང་པོའི་ནང་མཉམ་ཞུགས་གནང་ཡོད། ཁྱེད་ནང་མི་ཡོངས་ནས་བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་རྒྱུ་ཡིན། འབྱུང་འགྱུར་སྐུ་ཞབས་ཁྱེད་དང་ལྷན་སླར་ཡང་མཇལ་འཕྲད་གནང་ཐུབ་རྒྱུའི་རེ་བ་ཡོད།

སྐུ་ཉིད་ཀྱི་ཡབ་དམ་པ་སྐུ་ཞབས་ཨ་ཇིཏ་སིངྷ་མཆོག་འདས་གྲོངས་སུ་གྱུར་བ་དེས་ཁྱེད་ནང་མི་ལྷན་རྒྱས་བློ་ཕམ་དང་། སྲིད་དོན་ཚོགས་པར་གྱོང་གུད་ཕོག་པ་ཙམ་མ་ཟད། ང་ཚོ་བོད་མི་ཚོ་ལའང་གྱོང་གུད་ཆེན་པོ་ཕོག་ཡོད་ཅེས་འཁོད་གནང་འདུག་པ་བཅས། །