རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ར་ཇིབ་ བྷར་ཌ་ཝཇ་མཆོག་གིས་སྣེ་ཁྲིད་པའི་ས་གནས་བྷི་ཇེ་པི་སྲིད་དོན་ཚོགས་པའི་གནད་ཡོད་མི་སྣ་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡ པོའི་ཚེས་ ༡༢ ཉིན་ཕྱི་དྲོ་ཆུ་ཚོད་ ༣།༣༠ ཐོག་ཧི་མ་ཅལ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ར་ཇིབ་ བྷར་ཌ་ཝཇ་ (Shri Rajeev bhardwaj, MP Lok Sabha) མཆོག་གིས་གཙོས་པའི་ས་གནས་བྷི་ཇེ་པི་སྲིད་དོན་ཚོགས་པའི་གནད་ཡོད་མི་སྣ་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ་དང་། སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པས་རྒྱུན་ལས་ཚོགས་ཁང་ནང་སྣེ་ལེན་མཇལ་འཕྲད་ཀྱིས་བོད་དོན་སྐོར་བཀའ་བསྡུར་དང་། དེ་རྗེས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་གནང་སོང་།

སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ར་ཇིབ་ བྷར་ཌ་ཝཇ་མཆོག་གིས་གཙོས་པའི་ས་གནས་བྷི་ཇེ་པི་སྲིད་དོན་ཚོགས་པའི་གནད་ཡོད་མི་སྣ་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་འཚམས་འདྲི་དང་སྦྲགས། ཉེ་ཆར་རྒྱ་གར་རྒྱལ་ས་ལྡི་ལིར་བོད་དོན་ཞུ་སྐུལ་སྤེལ་སྐབས། སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་གྲོས་ཚོགས་འཐུས་མི་མཆོག་མཇལ་འཕྲད་གནང་རྒྱུ་བྱུང་བར་དགའ་སྤོབས་ཆེན་པོ་བྱུང་སྐོར་དང་། དེའི་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་གར་དབུས་གཞུང་གི་བློན་ཆེན་དང་། གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁྱོན་ ༤༠ ལྷག་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བ་དང་། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཐུན་མོང་ཐོག་༧སྐུའི་གོ་སྟོན་སྲུང་བརྩི་ཞུས་པའི་ལས་རིམ་སྐོར་ངོ་སྤྲོད་སྙིང་བསྡུས་དང་། ད་བར་བཙན་བྱོལ་ལ་སྡོད་རིང་རྒྱ་གར་དབུས་སའི་གཞུང་མང་གཉིས་ཀྱི་མཐུན་འགྱུར་རྒྱབ་སྐྱོར་མུ་མཐུད་གནང་བར་བརྟེན་ནས་བོད་མི་ཚོས་སོ་སོའི་ཆོས་དང་། རིག་གཞུང་སྲུང་སྐྱོབ་དང་། བོད་དོན་རྒྱལ་སྤྱིའི་ཐོག་སླེབས་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད་སྟབས། རྒྱ་གར་དབུས་སའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། དབུ་འཁྲིད་ལམ་སྟོན་ལ་བརྟེན་ནས། འཛམ་གླིང་ནང་བོད་ཀྱི་ཆོས་དང་། རིག་གཞུང་ལ་དམིགས་བསལ་གྱིས་དོ་སྣང་སླེབས་ཐུབ་ཡོད་པ། དུས་རབས་བརྒྱད་པའི་ནང་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས་བོད་ལ་ཕེབས་ཡོད་པ་དང་། དེ་ནས་བཟུང་བོད་དང་རྒྱ་གར་དབར་འབྲེལ་བ་བྱུང་ཡོད་པ་དང་། དུས་རྒྱུན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོའི་དབར་དགེ་རྒན་དགེ་ཕྲུག་གི་འབྲེལ་བ་ཡོད་སྐོར་གསུང་གི་ཡོད་པ་དང་། དེ་བཞིན་རྒྱ་གར་གྱི་སྲིད་བློན་དམ་པ་མོ་རར་ཇི་དྷི་སི་ (Shri Morarji Desai) མཆོག་གིས་བོད་དང་རྒྱ་གར་ནི་བྱང་ཆུབ་ལྗོན་ཤིང་གཅིག་ལས་སྐྱེས་པའི་ཡལ་ག་མི་འདྲ་བ་གཉིས་ལྟ་བུ་ཆགས་ཡོད་རེད་ཅེས་གསུངས་ཡོད་པ་ལྟར། འཕགས་བོད་གཉིས་དབར་ཕན་ཚུན་མཛའ་བརྩེའི་འབྲེལ་བ་དམ་ཟབ་ཡོད་པ་དང་། མུ་མཐུད་ཕན་ཚུན་བུ་སྤུན་གྱི་འདུ་ཤེས་ཡོང་ཐུབ་རྒྱུའི་རེ་བ་བྱེད་བཞིན་ཡོད་སྐོར་སོགས་གསུངས།

དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་བའི་བཙན་བྱོལ་བོད་མིའི་མང་གཙོའི་སྐོར་ངོ་སྤྲོད་དང་། བོད་དོོན་འཐབ་རྩོད་ཀྱི་ནུས་པ་གོང་མཐོར་གཏོང་ཐབས་སུ་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་ཚོས་སོ་སོའི་དབུ་འཁྲིད་མང་གཙོའི་ལམ་ལུགས་ཐོག་ནས་འོས་འདེམས་ཀྱིས་མང་གཙོ་ཚད་ལྡན་ལག་བསྟར་བྱེད་བཞིན་ཡོད་སྐོར་གསུངས་པ་དང་། བཙན་བྱོལ་ནང་བོད་མི་ཚོས་མང་གཙོའི་དུས་ཆེན་སྲུང་བརྩིའི་ཞུ་རྒྱུའི་གོ་སྐབས་ཡོད་ཀྱང་། བོད་ནང་རྒྱ་ནག་དམར་གཞུང་འོག བོད་མི་རྣམས་དྲག་གནོན་སྲིད་བྱུས་འོག་གདུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་ཡོད་སྐོར།

བོད་ཀྱི་བདེན་དོན་འཐབ་རྩོད་ནི་རྒྱ་གར་གྱི་བདེ་འཇགས་དང་། ཁོར་ཡུག་སྲུང་སྐྱོབ་སོགས་ལ་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་པ། ད་བར་རྒྱ་གར་དབུས་སའི་གཞུང་མང་གཉིས་ནས་བོད་དོན་དང་། བོད་མི་ཚོར་མཐུན་འགྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་མུ་མཐུད་དེ་ལྟར་མཐུན་འགྱུར་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་དང་། རྒྱ་གར་གྲོས་ཚོགས་ནང་བོད་དོན་གླེང་སློང་གནང་སྐྱོང་ཡོང་བའི་རེ་སྐུལ་བཅས་ཞུས་གནང་སོང་།

རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ར་ཇིབ་ བྷར་ཌ་ཝཇ་ (Shri Rajeev bhardwaj, MP Lok Sabha) མཆོག་གིས་ཐོག་མར་ད་ལན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྣེ་ལེན་གཟབ་རྒྱས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཁོང་ཉིད་ཀངྒ་ར་རྫོང་ཁོངས་རྒྱ་གར་གྲོས་ཚོགས་འཐུས་མི་ཞིག་ཡིན་པའི་ཆ་ནས། དེའི་ཁོངས་སུ་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་དང་། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་ཡིན་པར་བསོད་ནམས་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་དང་། ཁོང་ཉིད་ཀྱིས་རྒྱ་གར་གྲོས་ཚོགས་ནང་སོ་སོའི་ཁྱབ་ཁོངས་ཀྱི་གནད་དོན་གླེང་སློང་གནང་སྐབས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ལ་བརྟེན་ནས་བཞུགས་སྒར་རྡ་རམ་ས་ལ་ནི་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་གྱི་བསྟི་གནས་ཤིག་ཏུ་གྱུར་ཡོད་པ་དང་། དེའི་ཐོག་ཐོག་ནས་མངའ་སྡེར་ཕན་རླབས་ཆེན་པོ་བྱུང་ཡོད་སྐོར་གསུང་གི་ཡོད་སྐོར་དང་། བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་སོང་།

མཇལ་འཕྲད་སྐབས། ས་གནས་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་གཙོ་ས་ཅིན་ ཤར་མ་ (Shri Sachin Sharma, BJP District President) ལགས་དང་། མངའ་སྡེའི་བྷི་ཇེ་པི་སྲིད་དོན་ཚོགས་པའི་མགྲིན་ཚབ་པ་སྐུ་ཞབས་སན་ཇེ་ ཤར་མ་ (Shri Sanjay Sharma, BJP State Spokesperson) ལགས། མངའ་སྡེའི་བྷི་ཇེ་པི་སྲིད་དོན་ཚོགས་པའི་གསར་འགོད་འབྲེལ་མཐུད་པ་སྐུ་ཞབས་ཝི་ཤབ་ ཅག་ཤུ་ (Shri Vishav Chakshu, BJP State Media Coordinator) ལགས། རྡ་ས་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་གཞོན་པ་ཟུར་པ་སྐུ་ཞབས་ཨོན་ཀར་ ནེ་རི་ཡ་ (Shri Onkar Nehria, Former Deputy Mayor) ལགས་བཅས་ཕེབས་འདུག་པ་བཅས།