རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞུ་སྐུལ་གྱི་ལས་འགུལ་ཉིན་བཞི་པ།

༄༅། །བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་ནས་རྒྱ་གར་རྒྱལ་ས་ལྡི་ལིར་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༣ ཟླ་ ༡༢ པའི་ཚེས་ ༧ ཉིན་གུང་བོད་མི་མང་སྤྱི་འཐུས་རྣམ་པས་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་གསར་འགྱུར་རིག་པའི་མཐོ་སློབ་ཏུ་བོད་དོན་སྐོར་གསུང་བཤད་དང་། ཚོགས་བཅར་བའི་དྲི་བར་ལན་འདེབས་གནང་བ་དང་། དེ་རྗེས་རིམ་པས་ལྡི་ལིའི་བློན་ཆེན་ཟུར་པ་དང་། ཚོགས་གཙོ་ཟུར་པ་འབུམ་རམས་པ་ཡོ་གྷ་ཨ་ནན་ཌི་ཤ་སི་ཏུ་རི་ (Shri. Yoganand Shastri) མཆོག་དང་། ལྡི་ལི་ས་གནས་སྤྱི་ཁྱབ་གྲོང་སྡེ་ལྷན་ཚོགས་ཀྱི་རྒྱུན་ལས་ལྕམ་སྐུ་ཝི་ཤ་ཀ་ ས་ཡེ་ལ་ནི (Smt Vishaka Sailani) མཆོག རྒྱ་གར་དབུས་གྲོས་ཚོགས་གོང་མའི་འཐུས་མིའི་སྐུ་ཞབས་ར་ཇ་མ་ནི་ པ་ཊིལ་ (Shri Rajmani Patel ji raja sabha (MP) མཆོག རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མིའི་སྐུ་ཞབས་ཤ་ཧྥི་ཁར་ ར་མན་ བྷརྒ་ (Shri Shafiqur Rahman barq) མཆོག རྒྱ་གར་དབུས་གཞུང་གི་སྡོད་ཁང་དང་། ་གྲོང་ཁྱེར་ལས་དོན་གྱི་བློན་ཆེན་སྐུ་ཞབས་ཀུ་ཤལ་ ཀི་ཤོ་རི་ (Shri Kaushal Kishore) མཆོག་བཅས་དང་ལྷན་རིམ་པས་མཇལ་འཕྲད་གནང་འདུག
མཇལ་འཕྲད་སྐབས། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ཆོས་ཉིད་ཚེ་རིང་ལགས་རྣམ་གཉིས་མཉམ་བཅར་ཞུས་ཡོད་པ་བཅས། གཞན་ཡང་བོད་མི་མང་སྤྱི་འཐུས་རྣམ་པས་རྒྱ་གར་ལྡི་ལི་གཙུག་ལག་སློབ་གཉེར་ཁང་(Jamai Millia Islamia University) ཞེས་པའི་ནང་བོད་དོན་གསུང་བཤད་དང་། དྲི་བ་དྲིས་ལན་གནང་ཡོད་འདུག་པ་བཅས།