རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་དོན་ཞུ་སྐུལ་གྱི་ལས་འགུལ་དབུ་འཛུགས་གནང་བ།

༄༅། ། བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་ནས་རྒྱ་གར་པན་ཇབ་དང་། ཧར་ཡ་ན་མངའ་སྡེ་གཉིས་ཀྱི་ནང་བོད་དོན་ཞུ་སྐུལ་གྱི་ལས་རིམ་ཁག་ལེགས་པར་གྲུབ་རྗེས། ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༤ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་དང་། ལྡི་ལི་ས་གནས་གྲོས་ཚོགས་ཀྱི་འཐུས་མི། སྲིད་དོན་ཚོགས་པ་ཆེ་ཁག་གི་གནད་ཡོད་མི་སྣ་བཅས་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་འགོ་འཛུགས་གནང་ཡོད་པ་རེད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་རྒྱ་གར་བྷི་ཇེ་པི་ (BJP) སྲིད་དོན་ཚོགས་པའི་རྒྱལ་ཡོངས་སྤྱི་ཁྱབ་དྲུང་ཆེ་དང་། རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་སྐུ་ཞབས་དྷུ་ཤཱཡནྚ་ གྷུ་ཏམ་ (Shri Dushyant Gautam) མཆོག་དང་། ཉིན་གུང་ལྡི་ལི་ས་གནས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་བྷའེ་ ཝེར་མ་ (Shri Abhay Verma MLA) མཆོག ཉིན་རྒྱབ་ཆུ་ཚོད་ ༣།༠༠ ཐོག་རྒྱ་གར་ཀོང་རེ་སི་སྲིད་དོན་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་གྷུར་དེབ་ སིངྒ་ ས་པལ་ (Mr. Gurdeep Singh Sappal, Advisor to Shri. Mallikarjun Kharge, President of Indian National Congress) མཆོག་གིས་གཙོས་གཞན་གནད་ཡོད་མི་སྣ་ཁག་ཅིག དགོང་དྲོ་ཆུ་ཚོད་ ༥།༠༠ པའི་ཐོག་ལྡི་ལི་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་རཱམ་ ནི་ཝཱ་སི་ གྷོལ་ (Shri Ram Niwas Goel, Hon’ble Speaker, Delhi Vidhan Sabha) མཆོག་བཅས་དང་ལྷན་རིམ་པས་མཇལ་འཕྲད་ཀྱིས་བོད་དོན་སྐོར་ཞུ་སྐུལ་གནང་ཡོད་འདུག

མཇལ་འཕྲད་སྐབས། འཕགས་བོད་འབྲེལ་མཐུད་ཚོགས་པའི་ལས་བྱེད་ཆོས་ཉིད་ཚེ་རིང་ལགས་མཉམ་བཅར་ཞུས་གནང་ཡོད་པ་བཅས།