རབ་བརྟན་རིག་གནས་ཁང་དབུ་འབྱེད་མཛད་སྒོའི་ཐོག་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཆོས་འཕེལ་ཐུབ་བསྟན་མཆོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་བ།

༄༅། །ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༨ པའི་ཚེས་ ༡༣ ཉིན་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཆོས་འཕེལ་ཐུབ་བསྟན་མཆོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་གཞིས་གྲོང་དང་པོའི་ནང་ “རབ་བརྟན་རིག་གནས་ཁང་།” དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད་འདུག

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ པའི་དབུ་འབྱེད་མཛད་སྒོའི་ཐོག་མར། སེར་བྱེས་མཁས་སྙན་གྲྭ་ཚང་གི་དགེ་འདུན་པས་རབ་གནས་དང་བཀྲ་ཤིས་སྨོན་ཚིག་གསུངས་རྗེས། སྐུ་མགྲོན་གཙོ་བོ་མཆོག་གིས་དར་ཚོན་སྣ་ལྔའི་མདུད་པ་བཀྲོལ་བ་དང་སྣང་གསལ་ཞལ་ཕྱེ་གནང་འདུག

མཛད་སྒོའི་སྐབས་རབ་བརྟན་རིག་གནས་ཁང་གི་འགན་འཛིན་ཐུབ་བསྟན་རབ་བརྟན་ལགས་ཀྱིས་རིག་གནས་ཁང་འདི་ནི་གཙོ་བོ་བོད་ཀྱི་སྐད་ཡིག་དར་སྤེལ་གཏོང་རྒྱུ་དང་། ན་གཞོན་ཚོས་བོད་ཡིག་ལ་བརྟེན་པའི་ལས་དོན་མང་དུ་གཉེར་ཐུབ་པའི་མིག་དཔེ་སྟོན་ཐབས་སོགས་ཀྱི་དམིགས་ཡུལ་བཟུང་ནས་བཙུགས་པ་ཞིག་ཡིན་སྐོར་གསུངས་འདུག

རིག་གནས་ཁང་འདིས་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་ལས་རིགས་སྣ་མང་ཞིག་བསྒྲུབ་འཆར་ཡོད་པའི་ནང་དུ། དྲྭ་ཐོག་བོད་ཡིག་འཛིན་གྲྭ་དང་། ཡུལ་དངོས་བོད་ཡིག་ཟུར་ཁྲིད། བོད་ཀྱི་ཁྱད་ཆོས་ལྡན་པའི་ཐོན་དངོས་གསར་འདོན། བྱིས་པའི་དཔེ་དེབ་འདོན་སྤེལ། བོད་ཀྱི་སྐད་ཡིག་དང་གླུ་གཞས་འགྲན་ཚོགས་གོ་སྒྲིག  མཁས་པའི་བགྲོ་གླེང་། བོད་ཡིག་ལ་བརྟེན་པའི་ལས་དོན་སྣ་མང་བྱེད་རྒྱུ་ཡིན་འདུག་པ་བཅས། །