ཡིག་ཆ་ཨང་། ༡༣ བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་གཞུང་འབྲེལ་གྲོས་ཆོད།

སྔོན་གླེང་།

༄༅། །བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་འཇིག་རྟེན་ཞི་བདེའི་དེད་དཔོན་དང་། ས་སྟེང་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་འཁྲིད། བླང་དོར་ལམ་སྟོན་པ། བོད་མིའི་ངོ་བོ་དང་། དེའི་ཆིག་སྒྲིལ་གྱི་མཚོན་རྟགས། དུས་རབས་ཉེར་གཅིག་པའི་བླ་ན་མེད་པའི་སྟོན་པ་ཆེན་པོ། བོད་མི་ཡོངས་ཀྱི་རང་དབང་ལྡན་པའི་མགྲིན་ཚབ་པ་མཚན་དངོས་ནས་སྨྲོས་ན། རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་གོ་སྟོན་དང་འབྲེལ་དགུང་གྲངས་ ༡༦ ནས་དགུང་གྲངས་ ༩༠ ལ་ཕེབས་པའི་དུས་ཡུན་ནང་བསྟན་འགྲོ་སྤྱི་དང་། བྱེ་བྲག་ཁ་བ་གངས་ཅན་པའི་བསྟན་སྲིད་མར་མེ་སྣུམ་ཟད་ཀྱིས་ཉག་ཕྲ་བའི་དུས་སྐབས་སུ་སྐུ་ངལ་ཁྱད་བསད་ཀྱིས་བོད་རྒྱལ་ཁབ་ཀྱི་ཆོས་སྲིད་གཉིས་ཀྱི་འགན་དབང་བདག་གིར་བཞེས་ཏེ་བཀའ་དྲིན་བླ་མེད་བསྐྱངས་དང་སྐྱོང་བཞིན་ཡོད།

དེ་ཡང་ཕྱི་ལོ་ ༡༩༣༥ ཤིང་ཕག་བོད་ཟླ་ ༥ ཚེས་ ༥ ཉིན་བོད་ཤར་ཕྱོགས་མདོ་སྨད་ཙོང་ཁའི་ཡུལ་གྱི་སྟག་འཚེར་གྲོང་ཚོར་ཡབ་ཆོས་སྐྱོང་ཚེ་རིང་དང་། ཡུམ་བསོད་ནམས་འཚོ་གཉིས་ཀྱི་སྲས་སུ་སྐུ་བལྟམས་པའི་ཁྱེའུ་ལྷ་མོ་དོན་གྲུབ་མཆོག་ནི་ཐོག་མར་ལྷ་མོའི་བླ་མཚོའི་ནང་ཤར་བའི་མཚོ་གཟིགས་ལུང་བསྟན་དང་། ཆུང་སྲིད་རིན་པོ་ཆེ་མཆོག་ནས་སྔོན་གནས་རྗེས་སུ་དྲན་པའི་མཛད་སྤྱོད་སོགས་ལ་བོད་གཞུང་གི་ཡང་སྲིད་རྩད་གཅོད་ཚོགས་ཆུང་ནས་བསྲེགས་བཅད་བརྡར་བའི་གསེར་བཞིན་བརྟག་པ་ལེགས་པར་བགྱིས་ཏེ་བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པར་ངོས་འཛིན་ཐུགས་གཏན་འཁེལ་བ་མཛད་དེ་བོད་ཀྱི་རྒྱལ་ས་ལྷ་ལྡན་ཞིང་དུ་གདན་འདྲེན་ཞུ་ཐུབ་པ་བྱུང་ཡོད།

ཕྱི་ལོ་ ༡༩༤༠ ལོར་ཕོ་བྲང་པོ་ཏ་ལའི་ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས་ནང་གསེར་ཁྲིར་མངའ་གསོལ་ཞུས་པ་དང་། གཞུང་ལུགས་ལ་སློབ་གཉེར་གསན་བསམ་མཛད་བཞིན་པའི་དུས་སུ། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་གཞུང་གིས་བོད་ཤར་ཕྱོགས་ནང་དྲག་པོའི་བཙན་འཛུལ་བྱེད་འགོ་བཙུགས་ཏེ། བོད་བསྟན་སྲིད་ཀྱི་གནས་སྟངས་ཆེས་ཛ་དྲག་གཉན་འཕྲང་ཅན་དུ་གྱུར་སྐབས། བོད་འབངས་ལྷ་སྡེ་མི་སྡེ་ཡོངས་ནས་གསོལ་བ་ཕུར་ཚུགས་སུ་འདེབས་སྙིང་བོད་ལུགས་ལྟར་ན་དགུང་གྲངས་ ༡༦ ལས་སོན་མེད་པའི་༸གོང་ས་མཆོག་གིས་ཕྱི་ལོ་ ༡༩༥༠ ཟླ་ ༡༡ ཚེས་ ༡༧ ཉིན་བོད་ཀྱི་རྒྱལ་སྲིད་ཆོས་སྲིད་ཀྱི་ཐུགས་འགན་དངོས་སུ་བཞེས་དགོས་བྱུང་། ༸གོང་ས་མཆོག་གིས་བོད་མི་མང་གི་དངོས་ཡོད་བདེ་སྡུག་ལ་གཟིགས་ནས་དེ་སྔའི་གཞུང་གི་ལམ་ལུགས་ལ་ལེགས་བཅོས་དགོས་གལ་གཟིགས་ཏེ་ཕྱི་ལོ་ ༡༩༥༤ ལོ་ལེགས་བཅོས་ལས་ཁུངས་དང་། ཕྱི་ལོ་ ༡༩༥༦ ལོར་གྱོད་ཞིབ་ལས་ཁུངས་གསར་འཛུགས་གནང་། དུས་མཚུངས་ལོ་མང་རིང་རྒྱ་གཞུང་ལ་བསྟུན་མཁས་མཉམ་གནས་བྱས་ཀྱང་མ་ཕན་པ་མ་ཟད། བཙན་འོག་ཏུ་བཞག་པའི་གྲོས་མཐུན་དོན་ཚན་ ༡༧ ཟེར་བ་རྒྱ་གཞུང་གིས་རྩིས་མེད་རྡོག་རོལ་བཏང་བར་བརྟེན། བོད་ས་ཁྱོན་ཡོངས་ནས་རྒྱ་གཞུང་ལ་མི་འདོད་པའི་ངོ་རྒོལ་གྱི་ལས་འགུལ་རྒྱཆེར་སྤེལ་བ་སོགས་ཆེས་ཛ་དྲག་གི་གནས་བབ་ཅིག་ཏུ་གྱུར།

ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་དགེ་བཤེས་ལྷ་རམས་པའི་དམ་འཇོག་མཛད་བཞིན་པའི་མུར། རྒྱ་གཞུང་གིས་༸གོང་ས་མཆོག་རྒྱའི་དམག་སྒར་དུ་གཟིགས་མོར་གདན་འདྲེན་ཞུས་པ་ལྟར་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་ཕེབས་གཏན་འཁེལ་ཡང་། རྒྱ་གཞུང་གི་སྔོན་འགྲོའི་ཆ་རྐྱེན་དུ་༸གོང་ས་མཆོག་མཉམ་སྐུ་སྲུང་རེ་གཉིས་དང་དེ་ཡང་གོ་མཚོན་འཁྱེར་མི་ཆོག་པ་སོགས་དོན་དུ་སྐུ་ཕྱྭར་བདོ་བའི་ལས་ངན་བརྩམས་པར། ལྷ་སར་གནས་བཞུགས་ཆོལ་གསུམ་བོད་མི་ཡོངས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་དེ་ཉིན་༸གོང་ས་མཆོག་རྒྱའི་དམག་སྒར་དུ་གཟིགས་མོར་ཕེབས་གནང་མི་ཡོང་བའི་གསོལ་འདེབས་དང་དུས་མཚུངས་༸རྒྱལ་བའི་བཞུགས་གནས་ཕོ་བྲང་ནོར་བུ་གླིང་ཁ་མཐའ་སྐོར་ནས་སྐུ་ཕྱྭར་སྲུང་སྐྱོབ་དང་། རྒྱ་གཞུང་གི་བྱེད་ཕྱོགས་ལ་ངོ་རྒོལ་བྱས་པའི་རླབས་ཆེན་གྱི་ཉིན་མོ་དེར་གསུམ་བཅུའི་དུས་དྲན་ཞེས་ད་ཆ་སྲུང་བརྩི་ཞུ་བཞིན་ཡོད། འོན་ཀྱང་རྒྱ་དམག་གིས་ནོར་བུ་གླིང་ཁའི་ཕོ་བྲང་ཕྱོགས་སུ་མེ་སྒྱོགས་རྒྱག་འགོ་བཙུགས་སྟབཕྱི་ལོ་ ༡༩༥༩ ཟླ ༣ ཚེས་ ༡༧ མཚན་མོར་༸གོང་ས་མཆོག་སྐུ་འཁོར་ལྷན་རྒྱས་ལྷ་ས་ནོར་བུ་གླིང་ཁ་ནས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་ཡོད།

ཕྱི་ལོ་ ༡༩༥༩ ཟླ་ ༤ པའི་ནང་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་འབྱོར་བྱུང་མ་ཐག་རྒྱ་གར་གྱི་སྲིད་བློན་ནེཧ་རུ་མཆོག་མཇལ་འཕྲད་ཀྱིས་བཙན་བྱོལ་དུ་འབྱོར་བའི་བོད་མི་རྣམས་ལ་རོགས་རམ་མཐུན་འགྱུར་ཡོང་ཐབས་སོགས་འབོད་སྐུལ་རིམ་ཞུས་གནང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་བཀའ་ཤག་མུ་མཐུད་འཛིན་སྐྱོང་ལས་ཁུངས་ཁག་གསར་འཛུགས། དེ་བཞིན་ཆོས་སྒར་དང་། གཞིས་སྒར། ཤེས་ཡོན་དང་རིག་གཞུང་སྡེ་ཁགསོགས་རིམ་པས་བཙུགས་ནས་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་བཅས་ད་ཆ་བཙན་བྱོལ་ནང་སྲ་བརྟན་གནས་ཐུབ་པའི་གྲུབ་འབྲས་གཟེངས་སུ་ཐོན་ཡོད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་བཞིན་མང་གཙོའི་ལམ་ལུགས་ཐོག་ཤར་བསྐྱོད་ཐུབ་རྒྱུར་ཐོག་མར་ཕྱི་ལོ་ ༡༩༦༠ ལོར་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་བསྐྱངས། ཕྱི་ལོ་ ༡༩༦༡ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་དོན་དང་། ཕྱི་ལོ་ ༡༩༦༣ ལོར་བོད་ཀྱི་རྩ་ཁྲིམས་ཡོངས་ཁྱབ་གསལ་བསྒྲགས་གནང་། ཕྱི་ལོ་ ༡༩༩༡ ལོར་༸གོང་ས་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་མིང་དོན་མཚུངས་པའི་ཁྲིམས་བཟོ་ལྷན་ཚོགས་སུ་བསྒྱུར་གནང་མཛད་པ་ལྟར། སྤྱི་འཐུས་སྐབས་བཅུ་གཅིག་པས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༨ ཉིན་༸གོང་ས་མཆོག་གིས་ཆོག་མཆན་སྩལ་ཉིན་ནས། བཙན་བྱོལ་བོད་གཞུང་དེ་བཞིན་གཞི་རྩའི་ཁྲིམས་ཡིག་ལྡན་པའི་དེང་རབས་མང་གཙོའི་འགྲོ་ལུགས་ཤིག་ཏུ་བསྒྱུར་གནང་མཛད་པ་མ་ཟད། ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱས་པ་དང་། ཕྱི་ལོ་ ༢༠༡༡ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་ཁག་འོས་འདེམས་བྱས་པའི་འགོ་འཁྲིད་ཚོར་གསོལ་སྩལ་གནང་སྟེ་དེ་དག་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་དང་སྲི་ཞུ་སྒྲུབ་པའི་ནུས་ལྡན་དུ་མཛད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐོག་མར་བཙན་བྱོལ་དུ་ཕེབས་མ་ཐག་ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་བོད་རང་བཙན་སླར་གསོའི་ཐོག་འབད་འབུངས་གནང་ཡོད་ཀྱང་། རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་དངོས་ཡོད་གནས་བབ་དང་། དེ་བཞིན་རྒྱ་ནག་གཞུང་གི་གཙོ་འཛིན་ཏེང་ཞའོ་ཕིང་ནས་བོད་རང་བཙན་ཕུད་གཞན་གང་ཡིན་ཡང་བཀའ་མོལ་ཞུ་ཆོག་པའི་ལན་ཞིག་བྱུང་སྟབས། རང་ཕྱོགས་ནས་ཐག་གཅོད་སྔར་ཡོད་ལས་གཉིས་ཕན་གྱི་དགོངས་གཞི་བཞེས་ཤིང་བཙན་བྱོལ་བོད་མིའི་སྐུ་ཚབ་བོད་ནང་གཟིགས་སྐོར་དུ་ཕེབས་ཐུབ་པ་བྱུང་བ་དང་། གཞིས་བྱེས་གཉིས་ཀྱི་བོད་མི་ཕན་ཚུན་འགྲོ་འོང་ཐུབ་པ་བྱུང་ཞིང་དེ་བཞིན་ཕྱི་ལོ་ ༢༠༠༢ ནས་བོད་རྒྱ་གཉིས་དབར་འབྲེལ་མོལ་ཐེངས་དགུ་ཙམ་གནང་ཡང་། ད་ལྟའི་རྒྱ་ནག་གཞུང་གི་དབང་འཛིན་པ་ཚོར་ཆབ་སྲིད་ཀྱི་ཆོད་སེམས་དང་བློ་སྤོབས་མེད་པའི་དོགས་པ་རྣམ་རྟོག་འོག་བོད་རྒྱའི་དཀའ་རྙོག་སེལ་བའི་བཟང་ཕྱོགས་ཀྱི་མདུན་བསྐྱོད་བྱུང་ཐུབ་མེད། དེ་དག་གི་ལན་ཁག་ནི་རྒྱ་གཞུང་ཁོ་ན་ལ་ཡོད།

རྒྱལ་སྤྱིའི་ནང་ཕྱི་ལོ་ ༡༩༥༩།༡༩༦༡།༡༩༦༥ ལོ་སོ་སོར་མཉམ་སྦྲེལ་རྒྱལ་ཚོགས་ནང་བོད་དོན་སྐོར་གྱི་གྲོས་ཆོད་བཞག་ཡོད་པ་དང་། དེ་བཞིན་ཡུ་རོབ་གྲོས་ཚོགས་སོགས་སྟོབས་ཆེན་རྒྱལ་ཁབ་མང་པོའི་གཞུང་དང་གྲོས་ཚོགས་ནས་བོད་དོན་སྐོར་གྱི་གྲོས་ཆོད་དང་དེ་བཞིན་ཨ་རིའི་གྲོས་ཚོགས་གོང་འོག་ནས་རྒྱབ་སྐྱོར་ཐོག་སྲིད་འཛིན་ནས་མཚན་རྟགས་བཀོད་པའི་བོད་དོན་ཁྲིམས་ཡིག་སྔ་རྗེས་བཞག་ཐུབ་པ་བྱུང་ཡོད།

མདོར་ན་བཙན་བྱོལ་དུ་མི་ལོ་དྲུག་ཅུ་རེ་གྲངས་གནས་པའི་རིང་། ༸གོང་ས་མཆོག་གི་བླ་ན་མེད་པའི་དབུ་འཁྲིད་འོག་རང་རེ་བཙན་བྱོལ་བ་འདྲ་འདྲའི་ཁོངས་ནས་གཟེངས་སུ་ཐོན་ཐུབ་པ་བྱུང་ཡོད་ལ། ༸གོང་ས་མཆོག་ནས་བོད་ཀྱི་འཐབ་རྩོད་འཚེ་མེད་ཞི་བའི་ལམ་ལ་བརྟེན་པ་དང་། འཛམ་གླིང་ཞི་བདེར་སྨན་པའི་མཛད་འཕྲིན། འཇིག་རྟེན་ཁྱོན་ཡོངས་སུ་བྱམས་བརྩེ་དང་སྙིང་རྗེ་དར་སྤེལ། ཐུགས་བསྐྱེད་དམ་བཅའ་བཞི་ཕྱག་བཞེས། བོད་གངས་ཅན་ལྗོངས་ཀྱི་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་རྩམ་ཟན་པ་ཡོངས་རྫོགས་རྡོག་རྩ་གཅིག་ཏུ་སྒྲིལ་ཐུབ་ནས་བོད་ཀྱི་གནད་དོན་འཛམ་གླིང་གང་སར་ཁྱབ་ཐུབ་པ་སོགས་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པར་སོང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཀའ་དྲིན་རྗེས་དྲན་གྱི་༸སྐུའི་གོ་སྟོན་དང་འབྲེལ་བའི་དམིགས་བསལ་གྲོས་ཆོད་ཅིག་འཇོག་དགོས་པ་གལ་འགངས་ཆེ་བར་མཐོང་།

གྲོས་ཆོད།

༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱ་དང་བཅུ་ཕྲག་ལྷག་རིང་༸སྐུ་འཚོ་བཞུགས་ཐུབ་པའི་རྟགས་དང་མཚན་མ། ལུང་བསྟན་སོགས་ཡོད་པའི་བཀའ་བཟང་ལན་མང་ཕེབས་པར་བཀའ་དྲིན་བླ་མེད་དུ་ཆེ་ཞུ་བ་དང་སྦྲགས། མགོན་པོ་གང་ཉིད་མུ་མཐུད་བོད་དང་བོད་མིའི་མགྲིན་ཚབ་དང་བོད་དོན་བདེན་མཐའ་གསལ་ཐབས། འཛམ་གླིང་ཁྱོན་ལ་ཞི་བདེ་དང་བྱམས་བརྩེ་དར་རྒྱས་ཡོང་སླད་དུ་སྐུ་ཚེ་བསྐལ་བརྒྱར་བཞུགས་པའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་དང་། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༢ ནས་ཉིན་གྲངས་གསུམ་རིང་བོད་མིའི་ཆོས་ཚོགས་ཐེངས་ ༡༥ པ་བསྐྱངས་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་རྒྱུའི་ཞལ་བཞེས་བཟང་པོ་བཀའ་དྲིན་སྩལ་སྨིན་བྱུང་བར་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་དང་། ༸རྒྱལ་བའི་བཀའ་བཞེས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་ཕྱི་ལོ་ ༢༠༡༡ ལོ་དང་། འདི་ལོ་བཅས་ཀྱི་དགོངས་དོན་ལས་རྒྱ་ནག་གཞུང་ནས་ཆབ་སྲིད་ཀྱི་དགོས་དབང་གིས་ཐེ་བྱུས་བྱས་རིགས་བྱུང་ཚེ་ངོས་ལེན་ནམ་ཡང་མེད

     སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༡༦ ཐོག་ནས་བོད་བསྟན་སྲིད་ཀྱི་ཐུགས་འགན་གཙང་བཞེས་དང་། དེ་རྗེས་བཙན་བྱོལ་ནང་མང་གཙོའི་ལམ་ལུགས་གསོལ་སྩལ་གནང་ཞིང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་སྐུ་ངལ་འཛེམས་མེད་ཀྱི་དཀའ་བ་བརྒྱ་ཕྲག་ལྷུར་བཞེས་མཛད་དེ་བོད་དོན་བདེན་མཐའ་གསལ་ཐབས་སོགས་ལ་རྒྱལ་སྤྱིའི་ནང་རླབས་ཆེན་གྱི་གྲུབ་འབྲས་ཐོན་ཞིང་། མགོན་པོ་གང་ཉིད་ནས་བོད་ཆོས་སྲིད་གཉིས་ཀྱི་ཐུགས་འགན་ཡོངས་སུ་བཞེས་རིང་། གཞིས་བྱེས་ཆོལ་གསུམ་བོད་རིགས་ཡོངས་སུ་རྫོགས་པ་རྡོག་རྩ་གཅིག་སྒྲིལ་ངང། བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་དང་གཡུང་དྲུང་བོན་དང་བཅས་པའི་ཆོས་ལུགས་ཁག་རིས་སུ་མ་མཆིས་པ་རྣམས་བཙན་བྱོལ་དུ་སླར་གསོ་ཐུབ་པ་ནི་མགོན་པོ་གང་ཉིད་ཀྱི་ལྷག་བསམ་དང་ཐུགས་རྗེའི་འཕྲིན་ལས་ཉག་གཅིག་ལས་བྱུང་བར་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་དང་། བོད་མི་རྣམས་ཀྱིས་མགོན་པོ་གང་ཉིད་ཀྱི་བཀའ་དྲིན་ལ་རྗེས་དྲན་ཞུ་རྒྱུ།

༽     རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་། རིག་གཞུང། སྐད་ཡིག མི་རིགས་ཁོར་ཡུག་དང་བཅས་པ་རྩ་མེད་བཟོ་རྒྱུའི་ངན་བྱུས་ནི། འཇམ་རྩུབ་སྣ་ཚོགས་ཀྱི་སྒོ་ནས་ལག་བསྟར་བྱེད་བཞིན་ཡོད་ཀྱང་། བཙན་བྱོལ་ནང་གཙོ་བོ་༸གོང་ས་མཆོག་གི་བླ་ན་མེད་པའི་ཐུགས་བསྐྱེད་མཛད་འཕྲིན་ལ་བརྟེན་ནས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་སྲུང་སྐྱོབ་དང་། ཉམས་པ་སླར་གསོ་ཞུ་ཐུབ་ཡོད་པ་མ་ཟད། དེ་དག་ལ་རྒྱལ་སྤྱིའི་ནང་དོ་སྣང་དང་། ཆེ་མཐོང་སླེབས་ཐུབ་པ་ནི་མགོན་པོ་གང་ཉིད་ཀྱི་བཀའ་དྲིན་ཉག་ཅིག་ཏུ་གྱུར་ཡོད་པས་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་དང་། མགོན་པོ་མཆོག་གི་དགོངས་གཞི་བཞིན་རང་རིགས་བོད་མི་རྣམས་ཀྱིས་མུ་མཐུད་རྒྱུན་འཛིན་གོང་འཕེལ་ཡོང་ཐབས་བྱ་རྒྱུ།

༤༽     ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ནང་པའི་གཞུང་ལུགས་རྣམས་ལ་ཐོས་བསམ་སྒོམ་གསུམ་གྱིས་བརྩོན་འགྲུས་ཀྱི་སྟོབས་ལ་གཞོལ་ཞིང་། སྟོན་པ་ཤཱཀྱ་ཐུབ་པའི་དམ་ཆོས་ཟབ་མོའི་སྙིང་དོན་རྒྱུད་ལ་འཁྲུངས་ནས་དད་ལྡན་ནང་པ་རྣམས་ལྟ་ཅི་སྨོས། དེང་དུས་སྙན་གྲགས་ལྡན་པའི་ཚན་རིག་པའི་མཉམ་ནང་པའི་གཞུང་ལས་སེམས་ཁམས་རིག་པའི་ཐད་བགྲོ་གླེང་གནང་ཐུབ་པ་བྱུང་བ་མ་ཟད། གདན་ས་ཁག་གི་ནང་ཚན་རིག་སློབ་གཉེར་གསར་གཏོད་སོགས་ཆོས་ལུགས་ཡོད་མེད་ཁྱད་མེད་ཀུན་གྱིས་གུས་བརྩི་ཞུ་ཡུལ་དུ་གྱུར་ཅིང་། དེ་བཞིན་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དེང་དུས་ཤེས་ཡོན་གྱི་སྤྱིའི་བསླབ་གཞིའི་ཁོངས་སུ་འཇོག་ཐུབ་པར་བརྟེན་ཆུང་བྱིས་པའི་དུས་ནས་བཟང་སྤྱོད་གོང་འཕེལ་ཐུབ་པ་བཅས་བོད་བརྒྱུད་ནང་བསྟན་ལ་འཛམ་གླིང་ནང་དམིགས་བསལ་དགའ་གུས་དང་། དོ་སྣང་བྱེད་གཞི་ཞིག་ཏུ་གྱུར་ཐུབ་པ་ནི་མགོན་པོ་གང་ཉིད་ཀྱི་མཛད་འཕྲིན་ཁོ་ན་ལས་བྱུང་བར་བརྟེན་བཀའ་དྲིན་བླ་མེད་དུ་ཆེ་ཞུ།

༥༽     མགོན་པོ་མཆོག་བཙན་བྱོལ་དུ་བཞུགས་རིང་བོད་ཀྱི་བདེན་པའི་འཐབ་རྩོད་འཚེ་མེད་ཞི་བའི་ལམ་ལ་བསྟེན་པ་དང་། འཛམ་གླིང་ཡུལ་གྲུར་བྱམས་དང་སྙིང་རྗེའི་ལམ་སྟོན། ཞི་བདེའི་སྣེ་འཁྲིད་མཛད་པ་སོགས་ལ་བརྟེན་མིང་དོན་མཚུངས་པའི་བྱམས་བརྩེའི་བདག་ཉིད་དང་། ཞི་བདེའི་དེད་དཔོན་གྱི་མཚན་སྙན་ཡོངས་གྲགས་སུ་ཐོབ་པ་བྱུང་ཡོད་པ་མ་ཟད། ཕྱི་ལོ་ ༡༩༨༩ ལོར་འཛམ་གླིང་ཐོག་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་སོགས་ཁྱོན་གཟེངས་རྟགས་དང་ཆེ་བསྟོད་བརྒྱ་ཕྲག་མང་པོ་འབུལ་བཞེས་མཛད་ཡོད་ཅིང། མགོན་པོ་གང་ཉིད་ཀྱིས་ཐུགས་བསྐྱེད་དམ་བཅའ་བཞི་དངོས་སུ་ཕྱག་བསྟར་མཛད་བཞིན་པ་དེར་འཛམ་གླིང་ཡུལ་གྲུ་གང་ས་ནས་དགའ་མོས་དང་། རྒྱབ་སྐྱོར། ལག་བསྟར་ཞུ་བཞིན་ཡོད་པ་སོགས་ནི་ཆེས་བླ་ན་མེད་པའི་རླབས་ཆེན་གྱི་དགོངས་གཞི་ཞིག་ཏུ་གྱུར་ཡོད་པས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། རང་རིགས་གཙོས་རྗེས་སུ་འཇུག་པའི་སྐྱེ་བོ་ཚང་མས་ལག་བསྟར་ཡོང་ཐབས་ཀྱིས་འབད་བརྩོན་བྱ་དགོས་རྒྱུབཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རབ་གནས་ཤིང་སྦྲུལ་ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༡ ལ།།

 

གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པའི་ཐོག་བགྲོ་གླེང་ཞིབ་རྒྱས་དང་འབྲེལ་སྤྱི་མོས་ཀྱིས་གཏན་འབེབས་ཞུས། ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༡ ལ།།