འབྲས་ལྗོངས་མངའ་སྡེའི་སྲིད་སྐྱོང་མཆོག་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གྱི་ལས་དོན་སྤེལ་བ།

༄༅། ། བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་བཅས་ནས་རྒྱ་གར་བྱང་ཤར་ནུབ་བྷེང་གྷལ་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གྱི་ལས་དོན་མཇུག་བསྒྲིལ་རྗེས། ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༢༦ ཉིན་གྱི་ཞོགས་པ་རྡོར་གླིང་ནས་ཕེབས་ཐོན་གནང་སྟེ་སྔ་དྲོ་ཆུ་ཚོད་ ༡༡།༠༠ ཐོག་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་བོད་ཀྱི་གསོལ་མགྲོན་ཁང་དུ་ཕེབས་འབྱོར་བྱུང་བ་དང་། ས་འཐུས་ཚོགས་གཙོ་སྦྱིན་པ་ཕུན་ཚོགས་ལགས་དང་། ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས་ཀྱིས་གཙོས་སྒང་ཏོག་ཁུལ་གྱི་བོད་མིའི་ཚོགས་སྐྱིད་ཁག་དྲུག་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་ཚོགས་གཙོ་དང་། རྒྱུན་ལས་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས། ཆུ་ཚོད་ ༡༢།༠༠ ཐོག་མངའ་སྡེའི་སྲིད་སྐྱོང་མཆོག་གི་ཕོ་བྲང་ (Raj Bhavan) དུ་སྲིད་སྐྱོང་སྐུ་ཞབས་ ལཀྴི་མན་ པརཱ་སདྷ་ ཨཅརྱ་ (Shri Laxman Acharya ji, Governor of Sikkim) མཆོག་དང་མཇལ་འཕྲད་ཞུས་ཏེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟགས་དང་། སྤྱི་འཐུས་ཚོགས་གཙོ་མཆོག་གི་མཚན་རྟགས་འཁོད་པའི་ཞུ་སྙན་དོན་ཚན་ ༡༠ ཅན། ཞྭ་སྒབ་པའི་ཕྱི་བསྐྱོད་ལམ་ཡིག སྐད་རིགས་གསུམ་ནང་འཁོད་པའི་བོད་དོན་ཞུ་སྐུལ་གྱི་ཡིག་ཆ་རྣམས་ཕུལ་ཏེ་བོད་དོན་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་སྐྱོང་ཡོང་བ་དང་། ལྷག་པར་དུ་འབྲས་ལྗོངས་མངའ་སྡེའི་ནང་ཡོད་བོད་མི་རྣམས་ལ་མཐུན་འགྱུར་དང་རོགས་མགོན་གནང་སྐྱོང་ཡོང་བ་ཞུས།

ཁོང་ནས་འདས་པའི་ལོ་བཅུ་ཕྲག་གཅིག་ལྷག་གོང་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གི་བཀའ་སློབ་གསན་རྒྱུའི་སྐལ་བཟང་བྱུང་བས་དེ་འབྲེལ་བོད་དོན་ལ་རྒྱུས་མངའ་གང་འཚམས་ཡོད་ཚུལ་དང་། དེ་བཞིན་ཁོང་གི་བཞུགས་ཡུལ་ཉེ་འགྲམ་ཝཱ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་ཞབས་སོར་ཐེངས་ཁ་ཤས་བསྐྱངས་མྱོང་བའི་སྐོར། རྒྱ་གར་དབུས་སའི་གཞུང་ནས་བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་དེ་ཁུར་དུ་འཁྲི་བའི་ལས་འགན་ཡིན་པ་བཞིན་འདས་པའི་མི་ལོ་ ༦༠ ལྷག་རིང་རྒྱབ་སྐྱོར་གནང་ཡོད་པ་ལྟར་མ་འོངས་པར་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་སྐོར། སྒང་ཏོག་ཏུ་ཡོད་པའི་རྣམ་རྒྱལ་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་དུ་བོད་པའི་ཕྱག་དཔེ་གཙོས་རིན་བྲལ་གྱི་རྟེན་མཚོན་མང་པོ་གཅེས་ཉར་གནང་ཡོད་པ་དང་དེ་བཞིན་གསོ་བ་རིག་པའི་སྡེ་ཚན་གྱི་ལས་གཞི་འགྲོ་བཞིན་པ་སོགས་འཕགས་བོད་ཆོས་རིག་འབྲེལ་བའི་ལས་དོན་ཁག་ལ་མཐུན་འགྱུར་གང་ལེགས་གནང་གི་ཡོད་པའི་སྐོར། འབྲས་ལྗོངས་སུ་གནས་སྡོད་བོད་མི་རྣམས་ཀྱིས་བདེ་སྡུག་ཞུ་དགོས་རིགས་འཛེམ་ཟོན་མེད་པར་སྙན་འབུལ་ཞུ་དགོས་རྒྱུ། ཆེས་མཆོག་ཏུ་བཀུར་བར་འོས་པའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྒང་ཏོག་ཏུ་༸ཞབས་སོར་བཀའ་དྲིན་བསྐྱང་གནང་མཛད་ཚེ་སྲིད་སྐྱོང་ཕོ་བྲང་རང་དུ་བཞུགས་གནས་གོ་སྒྲིག་ཞུ་རྒྱུའི་སྐལ་བཟང་གི་དུས་ཚོད་ངང་སྒུག་གནང་བཞིན་ཡོད་པ་མ་ཟད། ཁོང་ཡང་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་གནང་རྒྱུའི་ཐུགས་རེ་འཆང་བཞིན་ཡོད་པ་སོགས་བོད་དོན་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བཞིན་ཡོད་པའི་སྐོར་སོགས་བཀའ་མོལ་ལྷུག་རྩོལ་གནང་བ་དང་། ང་ཚོའི་ངོས་ནས་ཁོང་དང་མཇལ་འཕྲད་ཀྱི་གོ་སྐབས་གནང་བ་མ་ཟད། བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་མཚོན་བཀའ་མོལ་ལྷུག་རྩོལ་གནང་བ་ལ་བཀའ་དྲིན་བླ་ན་མེད་པ་ཆེ་ཞེས་དང་། བཞུགས་སྒར་རྡ་རམ་ས་ལ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་བཅས་སུ་ཞབས་སོར་ངེས་པར་དུ་བཀོད་རོགས་ཞུས་པ་དང་། ཉེ་ཆར་རྒྱ་གར་གྱི་མཁའ་དབྱིངས་འཕུར་གྲུ་ཅནྡྲ་ཡཱན་གསུམ་པ་ཟླ་བའི་གོ་ལའི་ཐོག་ཏུ་བདེ་བླག་ངང་བབས་ཐུབ་པ་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་བཅས་ནས་རྒྱ་གར་སྲིད་བློན་མཆོག་གི་མཚན་ཐོག་འཚམས་འདྲི་ཞུས་གནང་ཡོད་པ་ལྟར་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ངོས་ནས་སྐུ་ཉིད་དང་རྒྱ་གར་གཞུང་མང་ཡོངས་ལ་དགའ་སྤོབས་ཆེན་པོའི་ངང་ནས་འཚམས་འདྲི་ཞུ་རྒྱུ་ཡིན་སྐོར་ཞུས་པས་ཁོང་ཐུགས་དགྱེས་ཚོར་ཆེན་པོས་ཐུགས་རྗེ་ཆེ་ཞེས་ཡང་ཡང་གསུངས་གནང་འདུག

མངའ་སྡེའི་སྲིད་སྐྱོང་མཆོག་མཇལ་འཕྲད་ཀྱི་སྐབས་སུ་སྒང་ཏོག་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས་ལྷན་བཅར་གནང་ཡོད་པ་དང་། སྲིད་སྐྱོང་མཆོག་མཇལ་འཕྲད་གྲུབ་མ་ཐག་སྲིད་སྐྱོང་ལས་ཁུངས་ཀྱི་ཕྱི་འབྲེལ་སྡེ་ཚན་གྱི་ལས་བྱེད་བོད་པའི་བུ་མོ་བཀྲ་ཤིས་ལགས་ནས་སྲིད་སྐྱོང་ཕོ་བྲང་དུ་ཡོད་པའི་བོད་ཀྱི་མིང་འཁོད་ཁང་པར་ (Tibet) མཇལ་སྐོར་དུ་ཁྲིད་གནང་བ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྲིད་སྐྱོང་ཕོ་བྲང་དུ་བཞུགས་ཞག་གནང་ཚེ་བཞུགས་གནས་དེ་ཉིད་ཡིན་པའི་ངོ་སྤྲོད་གནང་བ་བཅས་ཀྱིས་འབྲས་ལྗོངས་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གྱི་ལས་དོན་འགོ་འཛུགས་གནང་ཡོད་པ་བཅས།