༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༤ ཚེས་ ༢༨ ཉིན་སྔ་དྲོ་འཇར་མན་རོགས་ཚོགས་ (Friedrich Naumann Foundation) ཀྱིས་སྣེ་ཁྲིད་འོག ཨོ་སི་ཊོ་རི་ཡ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝེ་ཊི་ ཌེངྒ་ལར་ (Veit Dengler) མཆོག་དང་། འཇར་མན་མངའ་སྡེའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨེ་ལེ་ནཱ་ ཧྥིངྐ་ (Alena Fink-Trausche) མཆོག་རྣམ་གཉིས་ཀྱིས་གཙོས་པའི་འཇར་མན་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ་དང་། སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་བཅས་ཀྱིས་རྒྱུན་ལས་ཚོགས་ཁང་ནང་མཇལ་འཕྲད་གནང་སོང་།
སྐབས་དེར་ཐོག་མར་སྐུ་མགྲོན་རྣམས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་མཆོག་གིས་གསོལ་སྩལ་གནང་བའི་མང་གཙོ་ཞེས་པའི་བརྙན་ཐུང་གཟིགས་འབུལ་ཞུས་རྗེས། དཔལ་ལྡན་ཚོགས་གཞོན་མཆོག་གིས་འཚམས་འདྲི་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ངོ་སྤྲོད་སྙིང་བསྡུས་དང་གཙོ་བོ་གསུངས་དོན། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་མ་བྱས་གོང་ལ་བོད་འདི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། དེ་ཡང་སྟོབས་ཆེན་རྒྱལ་ཁབ་གཉིས་དབར་གྱི་བར་གནས་རྒྱལ་ཁབ་ལྟ་བུར་གནས་ཡོད་པ། འོན་ཀྱང་རྒྱ་ནག་དམར་གཞུང་གིས་བོད་ས་ཡོངས་རྫོགས་ཁྲིམས་འགལ་བཙན་བཟུང་བྱས་རྗེས། ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ས་མཚམས་ལ་ཉེན་ཁ་ཡང་ཡང་བཟོ་བཞིན་ཡོད་པའི་སྐོར་དང་། བོད་ནི་འཛམ་གླིང་གི་སྣེ་གསུམ་པ་ཆགས་ཀྱི་ཡོད་པ་མ་ཟད། བོད་ནས་བབས་པའི་རྒྱུག་ཆུ་དེ་དག་ཉེ་འཁོར་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་མི་འབོར་དུང་ཕྱུར་ལྷག་གི་འཚོ་གནས་དང་འབྲེལ་བ་ཡོད་པ་སོགས་མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གལ་གནད་སྐོར། བོད་ཀྱི་ཆོས་དང་། རིག་གཞུང་གི་གལ་གནད་སོགས་འགྲེལ་བརྗོད་དང་སྦྲགས། བོད་ཀྱི་གནད་དོན་གསལ་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན་པའི་སྐོར་གསུངས་པ་དང་།
དེ་བཞིན་བོད་ནང་ད་ལྟའི་རྒྱ་ནག་དམར་གཞུང་འོག་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་གྱིས་བོད་ཕྲུག་རྣམས་བཙན་ཤེད་ཐོག་རྒྱའི་བཅའ་སྡོད་སློབ་གྲྭའི་ནང་སློབ་འཇུག་བྱེད་བཅུག་གི་ཡོད་པ་སོགས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ལ་གསུངས་སོང་།
འཇར་མན་སྐུ་ཚབ་ཚོགས་ཆུང་ནས་ད་ལན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྣེ་ལེན་མཇལ་འཕྲད་གནང་བར་དགའ་ཚོར་ཆེན་པོ་བྱུང་སྐོར་དང་། བཙན་བྱོལ་བོད་མིའི་མང་གཙོའི་འགྲོ་ལུགས་ལ་བསྔགས་བརྗོད་སོགས་ཞུས་རྗེས། དཔལ་ལྡན་ཚོགས་གཞོན་མཆོག་ནས་སྐུ་མགྲོན་རྣམ་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་ཕུལ་གནང་ཡོད་པ་བཅས།