འཇར་མན་རྒྱལ་ཁབ་ནང་བོད་དོན་ཞུ་གཏུག་གི་གནས་ཚུལ་སྙིང་བསྡུས།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་(ICT) མཐུན་འགྱུར་འོག་ལས་འགུལ་ཁང་དང་འབྲེལ་ཡོད་སིད་སིའི་སྐུ་ཚབ་དོན་གཅོད་ཁང་གཉིས་ཀྱིས་མཉམ་འབྲེལ་ཐོག་མཛད་རིམ་གོ་སྒྲིག་གཞིར་བཟུང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྣེ་ཁྲིད་པའི་ཞུ་གཏུག་ཚོགས་ཆུང་གིས་ཕྱི་ལོ་༢༠༡༣ ཟླ་༡༡ ཚེས་༡༣ ནས་༡༧ བར་འཇར་མན་རྒྱལ་ས་སྦེར་ལེན་Berlin ནང་འཇར་མན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཆོག་ལ་མཇལ་འཕྲད་རྗེས་གྲོས་ཚོགས་ཚོགས་ཁང་ངོ་སྤྲོད་དང་སྣེ་ལེན་གཟབ་རྒྱས་ཞུས། དེ་བཞིན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཁག་ལ་མཐུན་རྐྱེན་རོགས་རམ་གནང་མཁན་ཚོགས་པའི་འབྲེལ་ཡོད་ལས་སྣེ། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྱི་གསང་བའི་བཙོན་ཁང་Stasi དྲན་རྟེན་ཁང་གི་འགན་འཛིན་ལྷན་རྒྱས་སོགས་ཀྱིས་སྣེ་ལེན་དང་ཚད་མཐོའི་རྒྱབ་ སྐྱོར་གནང་བ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གོ་སྒྲིག་འོག་བོད་དོན་སྐོར་རྩོམ་སྒྲིག་དང་གསར་འགོད་པ་ཚོར་གངས་སེང་གཟེངས་རྟགས་Snowlion Award མཛད་སྒོར་མཉམ་ཞུགས་ཀྱིས་གནད་ཡོད་མི་སྣར་མཇལ་འཕྲད་དང་གསར་འགོད་པ། དེ་བཞིན་རྒྱ་རིགས་ཁག་ཅིག་བཅས་ལ་བོད་དོན་གླེང་མོལ་དང་གསལ་བཤད་ཞུས་པ་མ་ཟད། འཇར་མན་ས་གནས་བོད་རིགས་མང་ཚོགས་དང་བོད་དོན་རྒྱབ་སྐྱོར་ཚོགས་མི་རྣམས་ལ་གཏམ་ བཤད་དང་དྲི་བ་ཁག་ལ་ལན་འདེབས་དང་། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱི་ཕྱི་ཚེས་༡༦ དགོང་མོར་ཧྤ་རན་ཧྥོ་ཊི་གྲོང་ཁྱེར་གནས་སྡོད་བོད་མི་ཁག་ཅིག་ལ་གོང་བཞིན་གཏམ་ བཤད་དང་དྲི་བ་ཁག་ལ་ལན་འདེབས་བཅས་ཀྱི་ལས་དོན་འཐུས་གཙང་ཞུས་ཡོད་འདུག

འཇར་མན་འབྲེལ་ཡོད་གྲོས་ཚོགས་དང་ཚོགས་སྡེ་ཁག་ནས་ད་ལྟའི་བོད་ནང་གི་ཛ་དྲག་ གནད་དོན་ལ་བློ་འཚབ་དང་ཐུགས་སྣང་ཤུགས་ཆེར་བསྟན་པའི་ཐོག དབུ་མའི་ལམ་གྱི་སྲིད་ཇུས་དང་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་བོད་རྒྱའི་ དཀའ་ངལ་སེལ་ཐབས་ལ་རྒྱབ་སྐྱོར་དང་རོགས་འདེགས་ཀྱི་རྣམ་པ་གསལ་བོར་བསྟན་འདུག་པ་ དང་། ཚེས་༡༧ ཉིན་རྒྱབ་འཇར་ནས་ཨིན་ཇིའི་རྒྱལ་ས་ལོན་ཊོན་དུ་London དུ་ཐོན་ཏེ་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་ཡོད་འདུག