འཇར་མན་རོགས་ཚོགས་ (FNF) ཡིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། ། ཕྱི་ལོ་ ༢༠༢༥ ཟླ་ ༧ པའི་ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༠༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཚོགས་གཞོན་ལས་ཁུངས་སུ་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཇར་མན་གཞུང་ཚབ་ཀྱི་དཔལ་འབྱོར་དང་རྒྱལ་སྤྱིའི་ལས་དོན་གྱི་འགན་འཛིན་སྐུ་ཞབས་ཨེ་ལེ་ཛན་ཌར་ ཀེ་ལི་གྷ་རཱོ་ (Alexandre Callegaro, Minister Counsellor Head of Economic and Global Affairs, Germany Emabassy, Delhi) མཆོག་གིས་གཙོས་པའི་འཇར་མན་རོགས་ཚོགས་ (FNF) ཡི་སྐུ་ཚབ་ཚོགས་ཆུང་ཞིག་དང་ལྷན་མཇལ་འཕྲད་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས། འཇར་མན་རོགས་ཚོགས་ (FNF) དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དབར་ཕྱི་ལོ་ ༡༩༩༡ ལོར་ཐོག་མར་འབྲེལ་བ་འགོ་འཛུགས་པ་ནས་བཟུང་འཇར་མན་རོགས་ཚོགས་ (FNF) ཡིས་བཙན་བྱོལ་བོད་མིའི་མང་གཙོ་སྲ་བརྟན་སླད་མཐུན་འགྱུར་གནང་བཞིན་ཡོད་པའི་སྐོར་དང་། རོགས་ཚོགས་བརྒྱུད་གནད་ཡོད་སྐུ་ཚབ་ཚོགས་ཆུང་བཞུགས་སྒར་རྡ་རམ་ས་ལར་སྣེ་ཁྲིད་ཀྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྐོར་ལ་ཐད་ཀར་མཇལ་རྒྱུའི་གོ་སྐོབས་བསྐྲུན་བཞིན་པར་བསྔགས་བརྗོད་གནང་སོང་།

གཞན་ཡང་ཁོང་རྣམ་པས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ནས་རྒྱབ་སྐྱོར་གང་གནང་དགོས་མིན་སྐོར། རྒྱལ་ཁབ་གཞན་དང་འབྲེལ་ལམ་གནང་ཕྱོགས། བོད་མིའི་ཆབ་སྲིད་ཀྱི་ལང་ཕྱོགས་སོགས་དང་འབྲེལ་བའི་དྲི་བ་གནང་བར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ལན་འདེབས་གསལ་བཤད་ཞིབ་ཕྲ་གནང་སོང་།

ཐེངས་འདིའི་སྐུ་ཚབ་ཚོགས་ཆུང་ནང་འཇར་མན་གྱི་གསར་འགོད་པ་ལྕམ་སྐུ་ནཱ་ཊཱ་ལེ་ མེ་རཱོཐ་ (Natalie Mayroth) ལགས་དང་། ཇར་མན་རོགས་ཚོགས་ (FNF) ལྷོ་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ཀཱར་སི་ཊེན་ ཀེ་ལེན་ (Dr. Carsten Klein, Head of Regional Office South Asia, FNF) ལགས། ཚོགས་པའི་ལས་འཆར་འགན་འཛིན་ཕ་རེནྐ་ ཧོ་ཕུ་མན་ (Frank Hoffmann, Regional Project Manager) ལགས། ཚོགས་པའི་ལས་གཞིའི་འགན་འཛིན་རྒན་པ་ནུ་པུར་ཧ་ས་ཇི་ཡ་ (Nupur Hasija) ལགས་བཅས་ཕེབས་འདུག་པ་བཅས།