འཁྲི་འདུ་རྫོང་ཉ་མཚོ་ཟིལ་དཀར་དགོན་གྱི་གྲྭ་བསྟན་འཛིན་ཤེས་རབ་ལ་ལོ་གཅིག་གི་ཁྲིམས་ཐག་བཅད་འདུག

 

བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བར་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་བ་ ༡༠ ཚེས་ ༡ ཉིན་ཁམས་སྐྱེ་རྒུ་མདོ་འཁྲི་འདུ་རྫོང་རྫ་སྟོད་ཤང་། དར་དམར་སྡེ་པ་ནས་ཡིན་པའི་ཉ་མཚོ་ཟིལ་དཀར་དགོན་གྱི་གྲྭ་བསྟན་འཛིན་ཤེས་རབ་ལགས། རྫ་སྟོད་ཡུལ་ཚོ་ནས་རྒྱ་མི་ཉེས་རྟོག་པས་འཇུས་གཟུང་གཙན་འཁྲིད་བྱས་ཡོད་པ་དང་། དེའི་རྗེས་སུ་ནང་མི་སྤུན་མཆེད་རྣམས་ཀྱིས་ཉེས་རྟོག་ལས་ཁང་དུ་འབྲེལ་བར་བྱས་ནས། ཁོང་གང་དུ་ཡོད་མེད་དང་གནས་སྟངས་ཇི་ཆགས། ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་བཙལ་གཅོད་བྱས་ཀྱང་ཤེས་རྟོགས་བྱུང་མེད་པ་དང་།  དེ་བཞིན་ཁོང་བཀག་ཉར་བྱས་དོན་སོགས་གསལ་པོ་ཤེས་རྟོགས་བྱུང་མི་འདུག་ཀྱང་། ཚོད་དཔག་བྱས་ནས་བཤད་དོན་ལ། ལོ་འདིའི་ཟླ་ ༢ ཚེས་ ༨ ཉིན་ཉ་མཚོ་ཟིལ་དཀར་དགོན་གྱི་གྲྭ་མང་དང་། དེར་ཡོད་ཀྱི་མི་མང་གིས་རྒྱ་གཞུང་ལ་ཞི་བའི་སྐད་འབོད་རྒྱག་དུས། ཁོང་མཉམ་ཞུགས་བྱས་པའི་རྐྱེན་གྱིས་ཡིན་སྐོར་འབྲེལ་ཡོད་ཁག་གཅིག་གིས་གསུངས་བྱུང་།
གྲྭ་བསྟན་འཛིན་ཤེས་རབ་ལགས།གྲྭ་བསྟན་འཛིན་ཤེས་རབ་ལགས།

ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢ བོད་ནས་ཁོང་གི་འདྲ་པར་དང་། ལོ་ ༡ ཁྲིམས་ཐག་བཅད་ཡོད་པའི་སྐོར་ཁོ་བོར་གནས་ཚུལ་བཏང་འབྱོར་བྱུང་བས། གནས་ཚུལ་ཞིབ་རྒྱས་ཤེས་རྟོགས་ཡོང་ཆེད་དུ་བོད་དུ་སླར་ཡང་འབྲེལ་བ་བྱས་ཀྱང་། དེང་སྐབས་རྒྱ་ནག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོག་ལ་ཉེ་བ་དང་། རྫ་སྟོད་དར་དམར་སྡེ་པ་སོགས་སུ་དམ་དྲག་བྱེད་བཞིན་ཡོད་འདུག་པས་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་དཀའ་བ་འདུག ཉ་མཚོ་ཟིལ་དཀར་དགོན་གྱི་གྲྭ་བསྟན་འཛིན་ཤེས་རབ་རང་ལོ་ ༢༨ ལ་སོན་ཡོད་པ་དང་། ཕ་ཡི་མིང་ལ་འཇམ་ཆོས་དང་། མ་ཡི་མིང་ལ་པདྨ་བདེ་སྐྱི་ཟེར་གྱི་ཡོད། ཁོང་ལ་སྤུན་མཆེད་བདུན་ཡོད་པ་ལས་ལྔ་པ་དེ་ཡིན་པ་དང་། ཁོང་ནི་རྒྱུན་ལྡན་ནས་ཀུན་སྤྱོད་བཟང་ལ་མི་རིགས་ལ་ལ་རྒྱ་ཆེ་བ། སློབ་སྦྱོང་ལ་ཧུར་བརྩོན་ལྡན་པ་ཞིག་ཡིན།།

གནས་ཚུལ་མཁོ་སྤྲོད་པ་སེར་བྱེས་གྲྭ་བློ་བཟང་སངས་རྒྱས་ཀྱིས།

ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༣ ཉིན་ཕུལ།།