ཞྭ་སེར་བསྟན་པའི་མངའ་བདག་༸སྐྱབས་རྗེ་དགའ་ལྡན་ཁྲི་ཟུར་༸རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དགོངས་པ་གཞན་དོན་དུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་གསོ་ཞུས་པ།

༄༅། ། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཟུར་༸རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དགུང་གྲངས་ ༩༠ ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༢༦ ཉིན་གྱི་སྔ་དྲོར་དགོངས་པ་གཞན་དོན་དུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༢༧ ཉིན་རིན་པོ་ཆེ་མཆོག་གི་གྲྭ་ཚང་དང་། བླ་བྲང་། ཞལ་སློབ་སྐུ་འཁོར་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོའི་འཕྲིན་ཡིག་ཕུལ་བའི་ནང་འཁོད་དོན། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཟུར་༸རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དགུང་གྲངས་ ༩༠ ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༢༦ ཉིན་གྱི་སྔ་དྲོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པ་ནི་བསྟན་སྲིད་སྤྱི་དང་། ཡང་སྒོས་དགེ་ལྡན་པའི་བསྟན་པར་གྱོང་གུད་བྱུང་བ་ཤིན་ཏུ་ཕངས་པའི་ཡིད་སྐྱོའི་གནས་ཚུལ་ལ་སོང་ཡིད་གདུང་དྲག་པོ་བྱུང་ཞིང། དེ་ནི་ཆོས་ཉིད་ཀྱི་རང་བཞིན་ལ་དགོངས་རྒྱ་ཆེ་བཞེས་ཀྱིས་དགོངས་རྫོགས་མཆོད་འབུལ་གྱི་ཞུ་སྒོ་ཁག་གནང་བཞིན་པ་གཞིར་བཅས། དེ་ཡང་༸སྐྱབས་རྗེ་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མཆོག་ཕྱི་ལོ་ ༡༩༣༥ ལོར་གཙང་སྟོད་ལྷ་རྩེར་སྐུ་འཁྲུངས། དགུང་ལོ་ ༡༠ ལ་ལྷ་རྩེ་ཆོས་སྡེ་དགོན་དུ་ཆོས་ཞུགས་ཀྱིས་མཁན་ཆེན་བསྟན་འཛིན་རྒྱ་མཚོའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། དགོན་པའི་ཆོས་སྤྱོད་རབ་གསལ་དང་རྒྱན་འཇུག་གཉིས་སོགས་ཐུགས་འཛིན་དང་བློ་རྟགས་སོགས་ལ་སྦྱངས་པ་གནང་། དགུང་ལོ་ ༡༦ ཐོག་ལྷ་ལྡན་སེ་ར་ཐེག་ཆེན་གླིང་གི་བྱེས་པ་གྲྭ་ཚང་དུ་སྒྲིག་ཞུགས་གནང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་གཞུང་གིས་བོད་ས་བཙན་བཟུང་བྱས་སྟབས། ཕྱི་ལོ་ ༡༩༦༠ ལོར་འཕགས་ཡུལ་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་ནས་སྦག་ས་ཆོས་སྒར་དུ་སློབ་གཉེར་གནང་། སེར་བྱེས་མཁན་ཟུར་བློ་བཟང་དབང་ཕྱུག་རིན་པོ་ཆེ་དང་། ༸སྐྱབས་རྗེ་ཟོང་རིན་པོ་ཆེ་རྣམ་གཉིས་ཀྱི་དྲུང་ནས་འདུལ་ཊཱིཀ་ཉི་མའི་འོད་ཟེར་དང་རིན་ཆེན་ཕྲེང་བ། མཆིམས་མཛོད་སོགས་འདུལ་མཛོད་ཀྱི་གཞུང་ཆེན་ལྷག་མ་རྣམས་ལ་གསན་སྦྱོང་མཛད་པ་དང་། སྦག་ས་ཆོས་སྒར་སློབ་གྲྭའི་རྣམ་པར་བསྒྱུར་རྗེས་དཔེ་ཁྲིད་དགེ་རྒན་གནང་། སེ་ར་ཆོས་སྒར་འཕགས་ཡུལ་ལྷོ་ཕྱོགས་སྦེལ་ཀོབ་ཏུ་གནས་སྤོས་རྗེས། དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་གཏན་འབེབས་བཞིན། སློབ་དཔོན་དང་ལྷ་རམས་པའི་རྒྱུགས་སྤྲོད་རིམ་འབུལ་གྱིས་ཕྱི་ལོ་ ༡༩༧༨ ལོར་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་བཞིན་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་བླ་མ་དབུ་མཛད་དང་མཁན་པོའི་མཛད་འགན་བཞེས། ཕྱི་ལོ་ ༢༠༡༠ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བྱང་རྩེ་ཆོས་རྗེར་ཕྱག་རྟགས་ཕེབས་པ་བཞིན་བྱང་རྩེ་ཆོས་རྗེའི་མཛད་འགན་བཞེས། ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༦ ཚེས་ ༢༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པར་བསྐོ་གཞག་ཕྱག་རྟགས་བསྩལ་ནས་དགའ་ལྡན་གྱི་ཁྲི་པར་ཕེབས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་ལོ་ངོ་བདུན་རིང་དགའ་ལྡན་ཁྲི་པ་དང་། དེ་རྗེས་ཁྲི་ཟུར་གྱིས་བསྟན་འགྲོའི་དོན་རྒྱ་ཆེ་བསྐྱངས་གནང་མཛད་མུར། ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༢༦ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་ཆེན་གླིང་གི་ཁྲི་ཟུར་བླ་བྲང་དུ་སྐུ་ཞི་བར་གཤེགས་ཚུལ་བསྟན་པ་འདིས་བསྟན་འགྲོ་སྤྱི་དང། ཁྱད་པར་གང་གི་སྐྱོང་ཡུལ་རྣམས་ལ་གྱོང་གུད་ཆེན་པོ་བྱུང་བ་ནི་བརྗོད་མི་དགོས་ཤིང་། དེར་བརྟེན་དཔལ་རི་བོ་དགེ་ལྡན་པའི་འདུས་སྡེ་སྤྱི་དང་། གང་གི་གྲྭ་ཚང་། ཁང་ཚན། བླ་བྲང་། སློབ་ཚོགས། སྐུ་འཁོར་ཉེ་འབྲེལ་ལྟོས་བཅས་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཡིད་གདུང་དྲག་པོས་ཐུགས་གསོ་ཞུ་རྒྱུ་དང། ཞིང་གཤེགས་དམ་པ་གང་གི་ཐུགས་དགོངས་ཟབ་མོ་རྣམས་ཡོངས་སུ་རྫོགས་ཤིང། སླར་ཡང་བསྟན་འགྲོའི་མགོན་དཔུང་དམ་པར་ཡང་སྲིད་འཁྲུལ་བྲལ་མྱུར་དུ་འབྱོན་པའི་སྨོན་འདུན་ཤུགས་དྲག་ཞུ་བ་དང་སྦྲགས། དགོངས་རྫོགས་མཆོད་དོད་དང་བཅས།        ཞེས་འཁོད་འདུག