ཝཱ་ར་ཎཱ་སིར་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་སྨྱུང་གནས་སྨོན་ལམ་སྲུང་བརྩི།

ཝཱ་ར་ཎཱ་སིར་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་སྨྱུང་གནས་སྨོན་ལམ་སྲུང་བརྩི།
སྤྱི་ཟུར་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱི་གནས་ཚུལ་བཏང་འབྱོར་ལྟར་ན། སྤྱི་ལོ་ ༢༠༡༡ ལོར་ ཟླ་ ༡༠ ཚེས་ ༡༩ ཉིན། འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་བོད་རིགས་སྤུན་ཟླ་ཡོད་དོ་ཅོག་གིས་ཉིན་བརྒྱ་དུས་གཅིག་ཏུ་ཞི་བའི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་སྐབས་དང་བསྟུན། ཝཱར་ཎ་མཐོ་སློབ་ཀྱི་གཞོན་ནུ་དང་བླངས་རུ་ཁག་གི་གོ་སྒྲིག་འོག སཱ་ར་ནཱ་ཐ། རངས་གོ་ལིར། ཝཱ་རཱ་ཎ་སཱི་མཐོ་རིམ་སློབ་གྲྭ་དང་། ཉེ་འཁོར་དགོན་སྡེ་ཁག ས་ཁུལ་བོད་རིགས་སུད་ཚོང་། ཧི་མ་ལ་ཡའི་མི་དམངས་བཅས་ལྔ་བརྒྱ་ལྷག་མཉམ་རུབ་ཀྱིས་ཞི་བའི་ཟས་བཅད་ངོ་རྒོལ་གཞི་རྒྱ་ཆེ་བ་ཞིག་གནང་ཡོད་པ་རེད།

ལས་འགུལ་དེའི་ནང་བོད་མི་དམངས་སྤྱི་འཐུས་རྣམ་དག་གཙུག་ཕུད་ལགས་དང་སྤྱི་ཟུར་བེ་རི་འཇིགས་མེད། ས་གནས་རང་བདེན་ཚོགས་གཙོ་བྱམས་པ་བསམ་གཏན་ལགས། འཕགས་བོད་མཛའ་འབྲེལ་ཚོགས་པའི་བློ་བཟང་ནོར་བུ་ཤཱསྟྲཱི་སོགས་ཀྱིས། བོད་ཀྱི་གནས་བབ་དང་། ད་ལྟའི་ཛ་དྲག་གི་གནས་སྟངས། རང་གཞུང་གི་ལངས་ཕྱོགས་སོགས་ཀྱི་གཏམ་བཤད་དང་། དེ་བཞིན་མཐོ་སློབ་ཀྱི་སློབ་མ་ཚོས་སེམས་ཤུགས་དང་ལ་རྒྱའི་གཏམ་བཤད་རྒྱ་ཆེར་སྤེལ་བ་དང་།

དེ་རྗེས་སྤྱི་ཟུར་བེ་རི་འཇིགས་མེད་ཀྱིས་སྣེ་ཁྲིད་ནས་མང་ཚོགས་རང་འགུལ་གྱིས་རང་ཁྲག་བཏོན་ནས། རས་གཞི་དཀར་པོའི་ཐོག བོད་ཧིན་དབྱིན་རྒྱའི་སྐད་ཡིག་བཞིའི་ཐོག་ནས། “འཆི་ལ་ཉེ་བའི་བོད་སྐྱོབ་རོགས།” ཞེས་བྲིས་པའི་གོང་འོག་ཏུ་ཚོགས་ཞུགས་པ་ཡོངས་ཀྱིས་ས་རྟགས་བཀོད་ཡོད་པ་རེད། སྐབས་དེར་རྒྱ་གར་གྱི་གསར་འགོད་པ།

NNIS,GNNTV,ANITV,NDTV,NDTV,Times of India, The Hindustan Times,བཅས་ཀྱིས་ཚོར་བ་རྣོན་པོ་འི་སྒོ་ནས་འདྲ་པར་དང་བརྙན་པར་བཏབ་པ་མ་ཟད། ཚོགས་ཞུགས་པ་མང་པོར་བཅར་འདྲི་ཞུས་པ་དང་། ཕྱི་ཁག་ནས་སླེབས་པའི་ཡུལ་སྐོར་སྤྲོ་འཆམ་པ་མང་པོས་ཚོར་སྣང་ཆེན་པོའི་ཐོག་ནས་པར་ལེན་དང་དྲི་བ་བཏང་བ་སོགས་བྱས་ཡོད་པ་རེད།  ས་ཁུལ་མཐོ་སློབ་ཁག་གི་སློབ་མ་དང་སུད་ཚོང་པ། ས་ཁུལ་དགོན་སྡེ་ཁག་ཀུན་མ་བགྲོས་གཅིག་མཐུན་གྱིས། རང་གཞུང་གི་ལངས་ཕྱོགས་གཞི་རྩར་བཟུང་ནས་བདེན་པའི་རྒྱབ་ལངས་དང་། ཞི་བའི་ལས་འགུལ་དུས་ནས་དུས་སུ་མཚམས་འཇོག་མེད་པར་སྤེལ་རྒྱུའི་གཏམ་བཤད་སྤེལ་ཡོད་པ་རེད།

མཇུག་ཏུ་རྒྱ་ནག་གཞུང་གིས་མི་སྤྱོད་ལས་འདས་པའི་གདུག་རྩུབ་འོག ཉམ་ཆུང་བདེན་པ་སྐྱབས་སུ་འཛིན་མཁན་གཞིས་ལུས་བོད་རིགས་མི་དམངས་རྣམས་གསོད་རྡུང་བཀོལ་གསུམ་གྱི་འོག དངངས་སྐྲག་དང་འཇིགས་སྣང་ཆེན་པོའི་ངང་ནས་འཚོ་བཞིན་ཡོད་པའི་གཏམ་བརྗོད་ཟློས་གར་ཞིག་ཀྱང་འཁྲབ་སྟོན་ཞུས་པར། རྒྱ་གར་ཡུལ་མི་ཚོ་ཡང་མི་ཆུ་ཤོར་དགོས་པ་བྱུང་ཡོད།