ཚོགས་གཙོའི་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད།

དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག

༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཇིག་རྟེན་ཞི་བདེའི་དེད་དཔོན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། བོད་མིའི་ལུགས་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས། དེ་རིང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ཐོག་ཕེབས་པའི་དཔལ་ལྡན་སྲིད་སྐྱོང་མཆོག་དང་། དཔལ་ལྡན་བཀའ་བློན་རྣམ་པ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་མཆོག་དང་། བཀུར་འོས་སྤྱི་འཐུས་རྣམ་པ་ཚང་མ་ལ་ཚོགས་གཙོའི་ངོས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
​དེ་རིང་ཚོགས་གཙོའི་དབུ་འབྱེད་གཏམ་བཤད་དེ་རིང་པོ་ཞུ་རྒྱུ་ཆགས་ཀྱི་མེད། ང་ཚོའི་འདས་པའི་གྲོས་ཚོགས་ནང་གང་ལ་གང་འཚམ་ཞིག་བཀའ་མོལ་ཞུས་ཟིན་པ་རེད། དེ་རིང་ཞུ་རྒྱུ་གཙོ་བོ་འདི། ང་ཚོའི་ཆབ་སྲིད་ཀྱི་གནས་བབ་ཀྱི་ཐོག་ནས་ཉེ་ཆར་གསུམ་བཅུའི་དུས་དྲན་ཐེངས་ ༦༥ པའི་འཛིན་སྐྱོང་བཀའ་ཤག་གི་གསུང་བཤད་རེད། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ཀྱི་ཐོག་ནས་ཆབ་སྲིད་ཀྱི་གནས་བབ་ཀྱི་ཡོངས་ཁྱབ་ང་ཚོའི་གྲོས་ཚོགས་ཀྱི་ཚོགས་མི་ཙམ་མ་རེད། བོད་ཕྱི་ནང་གཉིས་རེད། རྒྱལ་སྤྱིའི་ནང་ལ་ཡོངས་གྲགས་སོང་ཟིན་པ་ཡིན་དུས་ངས་དེ་བསྐྱར་ལྡབ་ཞུ་རྒྱུ་མིན། ཡིན་ནའང་། ང་རང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བའི་གནས་བབ་ཅིག་ཡིན་པའི་ཆ་ནས་གཙོ་བོ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་འགན་དབང་བསྐུར་བ་གཞིར་བཟུང་གིས་བོད་དོན་བདེན་མཐའ་གསལ་ཐབས་ལ་ཚང་མས་འགན་འཁུར་དང་། ཕྱག་ལས་གནང་དགོས་པ་དེ་གལ་ཆེན་པོ་ཞེ་དྲགས་ཤིག་ཆགས་ཀྱི་ཡོད་རེད། ཡིན་ནའང་ང་ཚོ་ཕན་ཚུན་བཀའ་མོལ་ཞུ་ས་ཟེར་ནའང་མི་འདུག ང་ཚོའི་དཀའ་རྙོག་སེལ་ས་དེ་རྒྱ་ནག་གཞུང་མཉམ་དུ་སེལ་དགོས་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད། དེང་སང་རྒྱ་ནག་གི་སྤྱི་ཚོགས་ནང་བལྟས་པ་ཡིན་ནའང་། ཆབ་སྲིད་ཀྱི་གནས་བབ་རེད། དཔལ་འབྱོར་གྱི་གནས་བབ་རེད། སྤྱི་ཡོངས་ཀྱི་སྤྱི་ཚོགས་ཀྱི་གནས་བབ་ཀྱི་ཐོག་ལ་འགྱུར་བ་ཞེ་དྲགས་འགྲོ་ཡི་ཡོད་པ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐོག་ནས་བལྟས་པ་ཡིན་ནའང་། དེར་བསྐྱར་ཞིབ་དང་སྙན་ཐོ། དགོངས་ཚུལ་མང་པོ་ཞིག་ཕེབས་རྒྱུའི་གནས་སྟངས་ཆགས་བསྡད་ཡོད་རེད། ཉེ་ཆར་ཕྱི་ཟླ་ ༣ པའི་ནང་དུ་རྒྱ་ནག་གི་སྲིད་གྲོས་ཚོགས་འདུ་དང་མི་མང་འཐུས་ཚོགས་ཀྱི་ཚོགས་འདུ་གཉིས་ཀ་འགྲུབ་ཚར་བའི་གནས་བབ་ཆགས་བསྡད་ཡོད་རེད། སྐབས་དེའི་བྱུང་རིམ་དང་དེ་ཚོའི་གནས་བབ་ཐོག་ལ་དཔྱད་པ་ཞུ་མཁན་ཚོས་བསམ་བློ་བཏང་བ་ཡིན་ནའང་། ནམ་རྒྱུན་འདྲ་ཡིན་ན། རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་གྲོལ་བའི་རྗེས་སུ་སྲིད་བློན་གྱིས་རྒྱལ་སྤྱིའི་གསར་འགོད་ལྷན་ཚོགས་ཡོངས་ཁྱབ་གནང་གི་ཡོད་རེད། སྐབས་འདིར་དེ་མེད་པ་བཟོས་འདུག དེ་ནས་འཕྲོས་ཏེ་ཚོགས་འདུའི་བྱུང་རིམ་དང་ཚོགས་འདུའི་ནང་དོན། ཚོགས་འདུའི་ནང་དུ་བཅར་མཁན་གྱི་མི་སྣ་དེ་ཚོར་དཔྱད་པ་མང་པོ་ཞིག་གནང་བསྡད་ཡོད་རེད། དེ་རྣམ་པ་ཚོས་ཐུགས་སྣང་ཏན་ཏན་གནང་ཡོད་རེད་བསམ་གྱི་འདུག རྒྱུ་མཚན་དེ་ཆབ་སྲིད་ཀྱི་གནས་བབ་ལ་འགྱུར་བ་གཏོང་མ་ཐུབ་པའི་གནས་སྟངས་ལ་བརྟེན་ནས་ད་ལྟའི་རྒྱ་ནག་གི་དཔལ་འབྱོར་གྱི་གནས་བབ་ལ་དཀའ་ངལ་འཕྲད་བསྡད་པ་དེ་འདྲ་ཡོང་བ་རེད་ཅེས་ངོས་འཛིན་བྱེད་ཀྱི་ཡོད་རེད། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ནས་བལྟས་པ་ཡིན་ནའང་། ཕྱི་ལོ་ ༢༠༢༤ ནང་ཡུ་རོབ་རེད། ཨ་རི་རེད། དེ་བཞིན་ང་ཚོ་གནས་ཡུལ་རྒྱ་གར་གྱི་རྒྱལ་ཁབ་རེད། འོས་བསྡུའི་ལས་རིམ་ཤུགས་ཆེན་པོ་ཞིག་འགྲོ་ཡི་ཡོད་རེད། དེ་ཚོའི་ནང་བོད་དོན་གྱི་གནས་བབ་དེ་སླེབ་ཐུབ་དགོས་པའི་གོ་སྐབས་གང་འདྲ་འཛིན་དགོས་ཀྱི་ཡོད་མེད་དེ་ཚོའི་ཐོག་ལ་ང་ཚོས་རིམ་པས་བཀའ་མོལ་ཡོང་དགོས་པ་ཞིག་དང་། དེ་ཚོའི་ཐོག་ལ་རྟོག་ཞིབ་གནང་དགོས་པ་དེ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་རེད་བསམ་གྱི་ཡོད། དེའི་ཐོག་ནས་རྒྱ་ནག་གི་བོད་ཀྱི་གནས་ཚུལ་དེ་ཡལ་བར་དོར་བ་ཟེར་ནའང་མི་འདུག སྣང་མེད་གཏོང་བ་ཟེར་ནའང་མི་འདུག གང་ལྟར་མཐོང་ཆུང་གཏང་རྒྱུའི་གནས་བབ་དེ་རྩ་བ་ནས་ཡོད་མ་རེད་ཅེས་དེ་རིང་གསལ་པོའི་ཐོག་ཞུ་ཐུབ་རྒྱུའི་གནས་སྟངས་ཆགས་བསྡད་ཡོད་རེད། ཕྱོགས་གཅིག་ནས་བོད་ནང་གི་བོད་མི་ཚོའི་ལྷག་བསམ་དང་སྙིང་སྟོབས། བློས་གཏོང་དེ་ཚོ་ཧ་ལས་པ། བསམ་ཡུལ་ལས་འདས་པའི་གནས་བབ་ཅིག་ཆགས་བསྡད་ཡོད་རེད། ཕྱོགས་གཞན་ཞིག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བོད་ཀྱི་གནས་བབ་དང་བོད་ཀྱི་གནད་དོན་ཟེར་བ་དེ་རྒྱལ་སྤྱིའི་ནང་ཐུགས་སྣང་གནང་སའི་གནས་བབ་ཅིག་ཆགས་བསྡད་ཡོད་རེད། དེ་འདྲའི་གནས་བབ་ཅིག་ལ་རྒྱ་ནག་གཞུང་ནས་སྣང་ཆུང་བཏང་བ་ཡིན་ན། ཏན་ཏན་ཁོ་རང་ཚོས་ནོར་བ་ཟེར་ནའང་མི་འདུག གང་ལྟར་འཁྲུག་ཐེབས་པ་ཟེར་ནའང་མི་འདུག དེ་འདྲའི་གནས་བབ་ཅིག་ཆགས་བསྡད་ཡོད་རེད། ད་ལྟའི་ང་ཚོར་རྒྱལ་སྤྱིའི་གནས་བབ་རེད། བོད་ནང་གི་གནས་སྟངས་རེད། རྒྱ་ནག་རང་གི་ཆབ་སྲིད་གནས་སྟངས་ལ་བལྟས་ནས་བོད་ཀྱི་གནས་བབ་ཐོག་ལ་བསྐྱར་ཞིབ་ཅིག་གནང་ནས་བོད་དོན་གྱི་དཀའ་རྙོག་སེལ་ཐུབ་རྒྱུའི་དགོངས་པ་བཞེས་ཐུབ་དགོས་རྒྱུ་གལ་ཆེན་པོ་འདུག་ཅེས་ནན་བརྗོད་ཞུ་ཡི་ཡོད། དེ་བཞིན་ང་ཚོའི་གྲོས་ཚོགས་འདི་ཆགས་བསྡད་ཡོད་རེད། གྲོས་ཚོགས་འདི་ལྟ་བུ་ཡིན་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རིང་ནས་ཐུགས་ལ་བརྣག་པའི་དགོངས་གཞི་ཞིག་ཆགས་བསྡད་ཡོད་རེད། སྔ་མ་ཕྱི་ལོ་ ༢༠༡༡ སྔོན་འདྲ་ཡིན་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གྲོས་ཚོགས་ཚོགས་ཐེངས་གཉིས་ནང་ནས་ཡང་ན། སྐུ་དངོས་སུ་ཐེངས་གཅིག་ཕེབས་དགོས་ཀྱི་ཡོད་རེད། ཡང་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་ནས་གསུང་འཕྲིན་གནང་དགོས་ཀྱི་ཡོད་རེད། ཕྱི་ལོ་ ༢༠༡༡ ནས་རྗེས་སུ་༧སྐྱབས་མགོན་རིན་པོ་ཆེ་ནས་སྐུ་དབང་རྩིས་སྤྲོད་ཟིན་པའི་རྗེས་འདི་གཉིས་ཀའི་གནས་བབ་མེད་པ་ཆགས་བསྡད་ཡོད་རེད། ཡིན་ནའང་། སོ་སོའི་བསམ་བློའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བྱིན་རླབས་དེ་ང་ཚོའི་མཉམ་དུ་ཡོད་བསམ་པ་དུས་རྒྱུན་དུ་ནས་བསམ་བློར་འཁོར་བཞིན་ཡོད། དེ་འདྲ་བའི་ཐོག་ནས་༸སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་དང་། མཛད་པ་འཕྲིན་ལས་དང་མཉམ་དུ་བོད་ཀྱི་བདེན་མཐའ་གསལ་རྒྱུ་རེད། བོད་ཀྱི་ཆོས་དང་རིག་གཞུང་ཐོག་ནས་རླབས་ཆེན་གྱི་གྲུབ་འབྲས་ཐོན་རྒྱུ། དེ་བཞིན་རྒྱལ་སྤྱིའི་ནང་ངོས་འཛིན་ཐོབ་རྒྱུ་དེ་༸སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་ཆགས་དུས། ང་ཚོས་དུས་རྒྱུན་དུ་༸སྐྱབས་མགོན་རིན་པོ་ཆེའི་བཀའ་དྲིན་དྲན་གསོ་གནང་དགོས་པ། སོ་སོ་སྐྱེ་བོ་ཡིན་དུས་སྐབས་རེར་སོ་སོའི་དགོངས་པ་བཞེས་ཕྱོགས་དེ་ཉོན་མོངས་དུག་གསུམ་ཟེར་ནའང་མི་འདུག ཉོན་མོངས་དུག་ལྔ་ཟེར་ནའང་མི་འདུག གང་ལྟར་དེ་དག་གི་གཞན་དབང་དུ་འགྱུར་སྲིད་པ་རེད། ཡིན་ནའང་། སྐབས་དེ་དུས་༸སྐྱབས་མགོན་རིན་པོ་ཆེའི་ཞལ་རས་དྲན་ཐུབ་རྒྱུ་དང་། ཁོང་གི་དགོངས་བཞེད་དེ་དྲན་ཐུབ་པ་ཡིན་ན་ཏན་ཏན་ཐུགས་ཕན་གསོས་པ་ཞིག་ཆགས་ཀྱི་འདུག་ཅེས་དེ་སྤྱི་བཤད་དུ་ཞུས་ན་སྙམ།
​དེ་རིང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་རིམ་ཐོག་ནས་ཞུས་ན། དེ་རིང་ནས་བརྩིས་ཏེ་ཕྱི་ཟླ་ ༣ པའི་ཚེས་ ༣༠ བར་དུ་ལས་ཉིན་ ༡༢ ཆགས་བསྡད་ཡོད་རེད། ལས་ཉིན་ ༡༢ ནང་དུ་ལས་དོན་བསྐྱང་རྒྱུ་དེ། ཐོག་མར་སྤྱི་འཐུས་རྒྱུན་ལས་ངོས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཞིག་འཁུར་ཡོད་རེད། དེའི་ཐོག་ཉེ་ཆར་བོད་ནང་གནས་ཚུལ་ཛ་དྲག་བྱུང་བ། དཔེར་ན། ཁམས་སྡེ་དགེའི་གནས་སྟངས་དེ་དག་གསལ་པོ་འཁོད་ཡོད་པ་རེད། དེའི་ཐོག་ལ་སྤྱི་འཐུས་རྣམ་པས་སྤྱི་ཡོངས་ཀྱི་དགོངས་ཚུལ་སྤུང་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། དེ་བཞིན་གནད་དོན་གལ་ཆེ་བ་གཅིག་འདི། དཔལ་འབྱོར་ལས་དོན་ཆགས་བསྡད་ཡོད་རེད། བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༤་་་༢༥ ཡི་སྔོན་རྩིས་འདི་དེ་རིང་གཏན་འབེབས་བྱ་རྒྱུའི་དུས་ཚོད་ཆགས་བསྡད་ཡོད་རེད། ཁ་སང་ཞུས་པ་བཞིན་ཡོངས་གྲགས་སུ་ང་ཚོས་གྲོས་ཚོགས་ལོ་གཅིག་ལ་ཐེངས་གཉིས་འཚོག་གི་ཡོད་རེད། ཕྱི་ཟླ་ ༣ པའི་གྲོས་ཚོགས་འདི་སྔོན་རྩིས་གྲོས་ཚོགས་དང་། ཕྱི་ཟླ་ ༩ པའི་གྲོས་ཚོགས་འདི་ལས་བསྡོམས་གྲོས་ཚོགས་ཞེས་ཐ་སྙད་བཏགས་པའི་གནད་དོན་ཆགས་བསྡད་དུས། ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་སྔོན་རྩིས་གཏན་འབེབས་བྱེད་དགོས་རྒྱུ་ཆགས་དུས། གཙོ་བོ་དེ་ཚོར་ལས་རིམ་ཞིག་བསླེབ་ཀྱི་རེད། དེ་ཡང་བཀའ་ཤག་གིས་རྒྱབ་གཉེར་འཆར་འབུལ་ཞུས་པའི་རྩིས་ཤོག་ཚང་མ་གྲོས་ཚོགས་ལ་ཕུལ། གྲོས་ཚོགས་ཀྱི་ཐོག་ནས་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་བཙུགས་པ་དེ་ཡིས་བསྐྱར་ཞིབ་ཞུས་པའི་སྙན་ཐོ་གཅིག་བསླེབ་ཡོང་གི་ཡོད་རེད། དེ་བཞིན་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༤༌༌༌༢༥ ལོའི་སྔོན་རྩིས་འགོད་འབུལ་གྱི་གསུང་བཤད་དེ་རིང་བསླེབ་ཡོང་གི་ཡོད་རེད། དེ་ཚོའི་ཐོག་ལ་བཀུར་འོས་སྤྱི་འཐུས་རྣམ་པས་ཞེ་ས་མ་ཞུས་ན། རིག་པ་བསྒྲིམས་ནས་ཐུགས་སྣང་གནང་ཐུབ་དགོས་རྒྱུ་འདི་ཞེ་དྲགས་གལ་ཆེན་པོ་རེད། ང་ཚོའི་ལོ་འཁོར་ལས་བསྡོམས་ཀྱི་རྒྱུ་ཆ་འདྲ་མ་སོང་ནའི་འབྱུང་ཁུངས་འདི། སྔོན་རྩིས་གྲོས་ཚོགས་ཆགས་བསྡད་ཡོད་རེད། སྔོན་རྩིས་གྲོས་ཚོགས་ནང་ལས་འཆར་ག་རེ་འཁུར་འདུག དེར་དངུལ་འབོར་ག་ཚོད་འདུག ལས་རིམ་དེ་ས་གནས་ག་པར་ལ་ལས་འཆར་དེ་འགོ་འཛུགས་ཀྱི་འདུག དེ་ཚོ་གསལ་པོ་རྟོགས་ཐུབ་དགོས་རྒྱུའི་གནས་བབ་ཆགས་ཀྱི་ཡོད་རེད། དེ་ཚོའི་ཐོག་ལའང་དགོངས་པ་བཞེས་དགོས་རྒྱུ་གལ་ཆེན་པོ་ཆགས་བསྡད་ཡོད།
​གཅིག་འདི་ང་ཚོ་ཁྲིམས་བཟོའི་ལས་དོན་ཆགས་བསྡད་ཡོད་རེད། ཁྲིམས་བཟོའི་ལས་དོན་དེ་ཚང་མའི་དགོངས་པར་མངའ་གསལ་རེད། ང་ཚོའི་ཁྲིམས་སྒྲིག་བསྐྱར་ཞིབ་ཚོགས་ཆུང་ཆེད་འཛུགས་བྱས་ནས་ཁྲིམས་སྒྲིག་བསྐྱར་ཞིབ་ཚོགས་ཆུང་གི་སྙན་ཐོ་དང་། བསྐྱར་བཅོས་འཆར་ཟིན་གྱི་སྙན་ཐོ་ཚང་མ་དེ་རིང་གྲོས་ཚོགས་ནང་བསླེབ་ཀྱི་ཡོད་རེད། ཚོགས་གཙོ་གཉིས་ཀྱིས་ལས་རིམ་སྒྲིག་ཕྱོགས་ཀྱི་ཐོག་ནས་ཉིན་གཅིག་གཉིས་སྔོན་དུ་མཁྱེན་རྟོགས་ཡོང་བ་བྱ་རྒྱུ་ཡིན། དེའི་རྗེས་ལ་བརྗོད་པ་དང་པོ་དང་། རིམ་པས་བརྗོད་པ་གཉིས་པ། བརྗོད་པ་གསུམ་པ་འགྲོ་རྒྱུའི་བསམ་བློའི་ནང་ལ་ཡོད། ཡིན་ནའང་། སྐབས་དེ་དུས་དགོངས་པ་གཟབ་གཟབ་བཞེས་དགོས་ཀྱི་འདུག རྣམ་པ་ཚོ་གཅིག་གཉིས་ཀྱིས། དཔེར་ན། བྱེའུ་ཚང་ལ་རྡོ་གཞུས་པ་ནང་བཞིན་ག་རེ་བྱེད་དགོས་ན་མ་ཤེས་པའི་བཟོ་འདྲ་ཡོང་གི་འདུག དང་པོ་ནས་སོ་སོས་དགོངས་པ་བཞེས། རྣམ་དཔྱོད་བཏོན། བཟོ་བཅོས་ཁྲིམས་འཆར་ག་རེ་འཁུར་དགོས་ཀྱང་སྔོན་ཚུད་ནས་ཚོགས་གཙོ་གཉིས་ལ་བརྡ་ལན་གནང་ཐུབ་པ་ཡིན་ན། ཚོགས་འདུའི་འགྲོ་ལུགས་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་གཞིར་བཟུང་ལག་ལེན་བསྟར་ན། དེ་བཀག་འགོག་བྱེད་ཐུབ་རྒྱུའི་གནས་བབ་སུ་གཅིག་ལའང་དབང་ཚད་ཡོད་མ་རེད། ཚོགས་འདུའི་འགྲོ་ལུགས་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་གཞིར་བཟུང་མ་ཡོང་དུས་ཚོགས་གཙོ་གཉིས་ཀྱིས་ལམ་སེང་བཅུག་མ་ཐུབ་པའི་གནས་སྟངས་དེ་འདྲ་ཆགས་ཀྱི་ཡོད་རེད། དེར་བརྟེན་དེ་ཚོའི་ཐོག་ལའང་དགོངས་པ་ཆེར་བཞེས་གནང་རོགས་གནོངས་ཞུ་རྒྱུ་ཡིན། གྲོས་ཚོགས་ནང་ལའང་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་རེད། དེ་བཞིན་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གིས་དཔལ་འབྱོར་བསྐྱར་ཞིབ་ཀྱི་སྙན་ཐོ་ཞིག་ཡོང་གི་ཡོད་པ་གསུངས་སོང་། དེ་ཚོའི་གྲས་རིམ་པས་ཡོང་གི་ཡོད་རེེད། གང་ལྟར་གྲོས་ཚོགས་ནང་ལས་རིམ་གང་འདྲ་ཞིག་ཕེབས་པ་ཡིན་རུང་། སྤྱི་འཐུས་རྣམ་པ་ ༤༥ ཡོད་རེད། འཛིན་སྐྱོང་བཀའ་ཤག་ཡོད་རེད། ཚང་མའི་བསམ་ཚུལ་གཅིག་ཡོང་ཐུབ་རྒྱུ་དང་གང་འདྲ་ཡོང་གི་ཡོད་མེད་ཞུ་ཚོད་ཐིག་གི་མ་རེད། བསམ་ཚུལ་མི་འདྲ་བ་ཡོང་སྲིད་པ་རེད། བསམ་ཚུལ་མི་མཐུན་པ་ཡོང་བ་དང་ལམ་སང་འདྲོགས་ཏེ་ལས་རིམ་རྣམ་གཞག་འདོན་རྒྱུ་དེ་ཡག་པོ་ཁྱོན་ནས་མི་འདུག དེ་ལས་བསམ་ཚུལ་ག་རེ་ཡོང་བ་ཡིན་ནའང་དེར་གོ་བསྡུར་སྦྱངས་བཤད་བྱས་ཏེ། བཀུར་འོས་སྤྱི་འཐུས་གཅིག་གི་དགོངས་ཚུལ་ཡིན་ནའང་། ང་ཚོས་ཧ་གོ་དགོས་ཀྱི་ཡོད་རེད་ལ་རྒྱ་ཆེའི་མང་ཚོགས་ཀྱིས་ཀྱང་ཧ་དགོས་ཀྱི་ཡོད་རེད། དེའི་ཐོག་ནས་ང་ཚོས་གོ་བསྡུར་སྦྱངས་བཤད་མཐིལ་ཕྱིན་པ་བྱས་པ་ཡིན་ན། ཐག་གཅོད་དེའི་ཐོག་ནས་འགྲོ་དགོས་ཀྱི་རེད་མ་གཏོགས། འདིའི་ནང་ན་བསམ་ཚུལ་ཡོང་བ་ཙམ་གྱིས་ཐག་གཅོད་ཀྱི་ངོ་བོ་ཆགས་ཀྱི་ཡོད་མ་རེད། བྱས་ཙང་དེ་ཚོའི་ཐོག་ནས་གང་ལྟར་གྲོས་ཚོགས་ཀྱི་ལས་རིམ་གང་འདྲ་ཞིག་ཕེབས་ཀྱང་དེ་ལ་གོ་བསྡུར་ཞིབ་ཚགས་པོ་ཡོང་ཐུབ་དགོས་པ། དེ་ཡང་དོན་ཕན་ལྡན་པ་ཡོང་ཐུབ་རྒྱུར་རྣམ་དཔྱོད་འདོན་རྒྱུ་དེ་འདྲའི་དགོངས་པ་བཞེས་རོགས་གནོངས་ཞུ་རྒྱུ་ཡིན།
​དེ་རིང་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་བདུན་པ་འདིའི་ཐོག་སྤྱི་འཐུས་གཉིས་ཀྱིས་དེ་རིང་ཉི་མ་གཅིག་དགོངས་པ་ཞུས་སོང་། དེ་མིན་བཀུར་འོས་སྤྱི་འཐུས་ཚང་མ་བཅར་ཡོད་ཞུ་རྒྱུ་ཡིན། དེ་རིང་གྲོས་ཚོགས་ཚོགས་དུས་ཀྱི་ལས་ཉིན་ ༡༢ པོ་འདི་ཚགས་ཚུད། དོན་ཕན་ལྡན་པ་ཡོང་རྒྱུར་ཚང་མས་ཕྱར་གྲུ་མཉམ་འདེགས་དང་འགན་འཁུར་བཞེས་རོགས་གནོངས་ཞུ་རྒྱུ་ཡིན།
​མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། རླབས་ཆེན་ཐུགས་ཀྱི་དགོངས་བཞེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།།