ཚོགས་གཙོའི་མཇུག་བསྡོམས་གསུང་བཤད།

དེ་རིང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་མཇུག་བསྡོམས་ཀྱི་དུས་ཚོད་ཆགས་བསྡད་ཡོད་རེད། དེ་ཡིན་དུས་ཐོག་མར་ཚོགས་གཙོ་གཉིས་ཀྱིས་འཕྲོ་སྐྱོང་གི་ཐོག་ནས་ལས་རིམ་གང་བསྒྲིགས་པ་དེ་ང་ཚོས་དེ་རིང་གྲུབ་པའི་ཉིན་མོ་ཆགས་བསྡད་ཡོད། རྩ་བའི་སྐབས་བཅུ་བདུན་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་ཚོགས་མ་ཐུབ་པའི་བར་ཆད་ཟེར་ནའང་མི་འདུག རྐྱེན་ངན་དེ་འདྲ་བྱུང་བ་རེད། ཡིན་ནའང་། གང་ལྟར་ང་ཚོས་བསྐྱར་དུ་འཚོགས་ཐུབ་རྒྱུའི་མཐུན་འགྱུར་ཆ་ཚང་འཛོམས་ཏེ་འགོ་བཙུགས་ནས་དེ་རིང་མཇུག་བར་རྒྱལ་ཁའི་ངང་འགྲོ་ཐུབ་པ་དེ་ཞེ་དྲགས་ཡག་པོ་བྱུང་སོང་སྙམ། བཀུར་འོས་སྤྱི་འཐུས་གཅིག་དང་འབྲེལ་བའི་ཐོག་ནས་གནད་དོན་དེའང་གཙང་མ་ཆགས་པ་རེད། ཁ་སེང་ལས་རིམ་གྱི་དབུ་འབྱེད་གཏམ་བཤད་སྐབས་སུ་ཞུས་པ་ཡིན། འབྲེལ་ཡོད་བཀའ་ཤག་བརྒྱུད་ནས་བདེ་སྲུང་ལས་ཁུངས་རེད། བདེ་སྲུང་གི་འབྲེལ་ཡོད་དྲུང་ཆེ་དང་ལས་བྱེད་ཚང་མར་དམིགས་བསལ་གྱིས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྩ་བའི་ཚོགས་གཙོའི་དབུ་འབྱེད་ཀྱི་གཏམ་བཤད་ཡིན་ནའང་འདྲ། མཇུག་བསྡོམས་ཀྱི་གཏམ་བཤད་ཡིན་ནའང་འདྲ། ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ནང་གསལ་བསྡད་པ་འདི། གཙོ་བོ་ལས་རིམ་དང་མཇུག་བསྡོམས་ཀྱི་གཏམ་བཤད་དེ་གྲུབ་འབྲས་ཀྱི་ཐོག་ལ་གསལ་བཤད་གནང་རྒྱུ་དེ་འདྲ་ཞིག་གསལ་ཡོད་རེད། དེར་བརྟེན་དེ་རིང་ཚོགས་དུས་དྲུག་པའི་ཐོག་ལ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་ལྔ་ཙམ་ཞིག་གཏན་འབེབས་བྱེད་ཐུབ་ཡོད་ཞུ་རྒྱུ་ཡིན། དང་པོ་དེ། སྤྱི་ཟུར་ཚུལ་ཁྲིམས་བསྟན་འཛིན་ལགས་འདས་ལོའི་ནང་དགོངས་པ་རྫོགས་པ་དང་། སྤྱི་ཟུར་གྲའུ་དཔོན་རིན་ཆེན་ཚེ་རིང་ལགས། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་པ་གྲ་ཕྱི་ཕུན་རབ་བློ་བཟང་དར་རྒྱས་ལགས། ཉེ་ཆར་རང་བཀའ་ཟུར་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་ལགས་དགོངས་པ་རྫོགས་པ་རེད། ང་ཚོའི་སྤྱི་ཚོགས་ནང་མི་རབས་རྒན་པ་ཁོང་རྣམ་པ་གཟི་བརྗིད་ཅིག་ཆགས་བསྡད་ཡོད་རེད། དེ་འདྲ་ཡིན་དུས་ང་ཚོས་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ཞུ་ཐུབ་པ་དེ་ཡག་པོ་ཞེ་དྲགས་བྱུང་ཡོད་རེད་བསམ་གྱི་འདུག ང་ཚོའི་སྤྱི་ཚོགས་ལ་ཕར་ལྟ་ཡོང་དུས། དཔེར་ན། སྤྱི་འཐུས་ལྷན་ཚོགས་ཀྱི་བྱུང་རིམ་ལ་བལྟས་པ་ཡིན་ན། སྤྱི་འཐུས་སྐབས་དང་པོ། གཉིས་པ། གསུམ་པ། བཞི་པ། ལྔ་པ། ཕལ་ཆེར་དྲུག་པའམ་ལྔ་པའི་མི་གཅིག་གཉིས་ཤིག་ཙམ་ལྷག་ཡོད་དམ། གཞན་ལྷག་མི་འདུག མང་བ་ཞིག་ཕྱི་མའི་ལྔ་ལམ་དུ་གྱུར་ཟེར་ནའང་མི་འདུག གང་ལྟར་སྐུ་གཤེགས་པའི་གནས་སྟངས་ཆགས་བསྡད་ཀྱི་འདུག དེ་འདྲ་ལྟ་ཡོང་དུས་ང་ཚོའི་མི་རབས་ལ་འགྱུར་བ་ཞེ་དྲགས་ཤིག་འགྲོ་ཡི་ཡོད་པ་རེད། དེ་བཞིན་ཁོང་རྣམ་པའི་མཛད་རྗེས་དང་བྱས་རྗེས་དེ་ཚོ་ང་ཚོས་ཡིད་ལ་ངེས་པའི་ཐོག་ནས་མ་འོངས་པར་ང་ཚོའི་ངོས་ནས་ཡིན་ནའང་བོད་སྤྱི་པའི་བདེ་དོན་འཐབ་རྩོད་ཀྱི་ཐོག་ལ་ཡིན་ནའང་འདྲ། བོད་མིའི་སྤྱི་ཚོགས་ཀྱི་ཐོག་ནས་ཡིན་ནའང་འདྲ། ང་ཚོས་འགན་ཁུར་བཞེས་ཐུབ་དགོས་རྒྱུའི་མིག་དཔེ་བལྟ་ས་ལྟ་བུ་ཆགས་བསྡད་དུས། དེ་ཚོ་ང་ཚོས་མྱ་ངན་གུས་འདུད་ཞུ་རྒྱུ་དང་མཉམ་དུ་སོ་སོའི་ངོས་ནས་བསམ་བློ་གཏོང་ཐུབ་དགོས་རྒྱུ་གལ་ཆེན་པོ་འདྲ་ཞིག་མཐོང་སོང་། དེ་ཡིན་དུས་ང་ཚོས་མྱ་ངན་གུས་འདུད་ཞུ་རྒྱུའི་རྒྱུ་མཚན་དེའང་དེ་འདྲ་ཞིག་མིན་ནམ་བསམ་གྱི་འདུག དེར་བརྟེན་ང་ཚོས་དགོངས་པ་བཞེས་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག དེ་བཞིན་བོད་དོན་རྒྱབ་སྐྱོར་བྱེད་མཁན། དེའི་ནང་ནས་ཨ་རིའི་ཆབ་སྲིད་ཀྱི་ཐོག་ནས་བོད་དོན་རྒྱབ་སྐྱོར་བྱེད་མཁན་ནང་ནས་བལྟས་པ་ཡིན་ན། གལ་ཆེ་བ་ཞིག་ཆགས་བསྡད་ཀྱི་འདུག ཨ་རི་གྲོས་ཚོགས་ Senate ལྕམ་སྐུ་ Dianne Feinstein མཆོག་སྐུ་གཤེགས་པ་དེ་ང་ཚོས་མྱ་ངན་གུས་འདུད་ཅིག་འཁུར་ཡོད་པ་རེད། རྩ་བའི་ང་ཚོར་རྒྱབ་སྐྱོར་བྱེད་མཁན་མི་མང་དཀྱུས་མའི་ནང་ལའང་ཡོད་པ་རེད། མཐོ་རིམ་མི་སྣའི་ནང་ལའང་ཡོད་པ་རེད། ཤེས་ཡོན་ཅན་གྱི་ནང་ལའང་ཡོད་པ་རེད། ཆབ་སྲིད་པའི་ནང་ལའང་ཡོད་པ་རེད། དེ་ཡིན་དུས་སྤྱི་ཚོགས་འདྲ་མིན་ནང་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཞིག་ཡོད་པ་རེད། ཁ་ཤས་དངོས་སུ་ཐོན་ནས་རྒྱབ་སྐྱོར་གནང་གི་ཡོད་པ་རེད། ཁ་ཤས་མདུན་ལ་མ་ཐོན་ནའང་གང་ལྟར་རྒྱབ་ནས་དམིགས་བསལ་ནུས་པ་ཆེན་པོ་ཐོན་ཐུབ་མཁན་དེ་འདྲ་ཡོད་པ་རེད། ཁོང་ཚོའི་གྲས་དངོས་སུ་མདུན་ལ་ཐོན་ནས་རྒྱབ་སྐྱོར་བྱེད་མཁན་གྱི་གནད་ཡོད་མི་སྣ་ཡིན་དུས། ང་ཚོས་བཀའ་དྲིན་རྗེས་དྲན་ཟེར་ནའང་མི་འདུག སོ་སོར་དྲིན་བྱས་པར་དྲིན་གཟོ་ཟེར་ནའང་མི་འདུག དྲིན་གསོ་བ་ཟེར་ནའང་མི་འདུག དེ་འདྲའི་ང་ཚོས་མྱ་ངན་གུས་འདུད་ཞུ་ཐུབ་པ་དེའང་ཡག་པོ་བྱུང་བ་རེད་བསམ་གྱི་འདུག སྤྱིར་བཏང་གནའ་སྔ་མོ་འདྲ་ཡིན་ན། ལུང་ཁུངས་སོ་སོ་དང་། གྲོང་སྡེ་སོ་སོའི་དཔོན་དང་། དེ་འདྲའི་ངང་གནས་བསྡད་ཀྱི་ཡོད་པ་རེད། དེང་སང་གི་སྤྱི་ཚོགས་དུས་རབས་ཉེར་གཅིག་ནང་དུ་སླེབ་ཡོང་དུས། སྤྱི་ཚོགས་ཚང་མ་གོ་ལ་གཅིག་གྱུར་གྱི་འདུ་ཤེས་སླེབ་ཡོང་གི་ཡོད་པ་རེད། གཅིག་གིས་གཅིག་ལ་བརྟེན་དགོས་རྒྱུ། གཅིག་གིས་གཅིག་ལ་རྒྱབ་སྐྱོར་བྱེད་དགོས་རྒྱུ། གཅིག་གིས་གཅིག་ལ་མཐུན་ལམ་འཚོལ་དགོས་རྒྱུའི་གནས་བབ་ཆགས་བསྡད་དུས། བོད་ཀྱི་རྩ་དོན་ཡིན་ནའང་གོ་སྐབས་དང་སྡིངས་ཆ་འདིའི་ཐོག་ལ་སླེབ་ཐུབ་དགོས་རྒྱུ་གལ་ཆེན་པོ་ཆགས་བསྡད་ཀྱི་ཡོད་པ་རེད། དེ་ཡིན་དུས་དེ་འདྲའི་ཐོག་ནས་ང་ཚོར་རྒྱབ་སྐྱོར་བྱ་རྒྱུར་ཁོ་རང་ཚོའི་ངོས་ནས་ཐུགས་སྣང་གནང་བ། ང་རང་ཚོས་སྐབས་དང་དུས་ལ་རྒྱབ་སྐྱོར་བྱེད་མཁན་འཚོལ་ཐུབ་པ་དེའང་ཞེ་དྲགས་གལ་ཆེན་པོ་ཞིག་ཡིན་དུས། ང་ཚོས་མ་འོངས་པར་ཡིན་ནའང་རྒྱུ་མཚན་དེ་ཚོར་བསམ་བློ་བཏང་ནས་བོད་དོན་ཐོག་ལ་རྒྱབ་སྐྱོར་བཙལ་རྒྱུ་དང་། བོད་དོན་ཐོག་རྒྱབ་སྐྱོར་བྱེད་མཁན་རྣམ་པ་ཡིན་ནའང་ང་ཚོས་བཀའ་དྲིན་བསམ་ཤེས་ཞུ་ཐུབ་དགོས་རྒྱུ་གལ་ཆེན་པོ་ཆགས་བསྡད་ཀྱི་འདུག འདི་མཇུག་སྐྱོང་ལྟ་བུ་ཞུས་ན་བསམས་སོང་། གལ་ཆེ་བ་གཅིག་འདི་བོད་ནང་གི་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གཏན་འབེབས་བྱེད་ཐུབ་ཡོད་པ་རེད། གཙོ་བོ་ང་ཚོའི་སེམས་པ་གཞག་ས་དང་མ་སོང་ན་བོད་ནང་གི་བོད་མིའི་གནས་སྟངས་དང་། བོད་ནང་གི་བོད་མིའི་བདེ་སྡུག་དང་། བོད་ནང་བོད་མིའི་ཆབ་སྲིད་ཀྱི་གནས་སྟངས་ཐོག་དོ་སྣང་གནང་དགོས་རྒྱུ་གལ་ཆེན་པོ་ཞེ་དྲག་ཆགས་བསྡད་ཀྱི་ཡོད་པ་རེད། དེ་ཡིན་དུས་ང་རང་ཚོ་ཆབ་སྲིད་ཀྱི་སྒྲིག་འཛུགས་ཆགས་བསྡད་ཡོད་པ་རེད། སྐྱབས་བཅོལ་བའི་གནས་བབ་ཆགས་བསྡད་ཡོད་པ་རེད། དེ་དང་མཉམ་དུ་བོད་ནང་གི་བོད་མིའི་བསམ་བློ་རྟོགས་ཐུབ་རྒྱུ་དང་མཉམ་དུ་ཁ་ཡོད་ལག་ཡོད་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཡིན་ནའང་འདྲ། དངོས་ཡོད་ཀྱི་ང་རང་ཚོའི་ངོས་ནས་འདུ་ཤེས་འཁྱེར་སྟངས་ཡིན་ནའང་འདྲ། དེ་ཚོའི་གྲས་ལ་དགོངས་པ་བཞེས་ཐུབ་དགོས་རྒྱུ་གལ་ཆེན་པོ་ཞེ་དྲགས་ཆགས་བསྡད་དུས། ང་ཚོས་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གཏན་འབེབས་བྱེད་ཐུབ་པ་དེའང་ཡག་པོ་ཞེ་དྲགས་བྱུང་ཡོད་པ་རེད་སྙམ། དེ་བཞིན་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་དེའང་ཕྱི་ལོ་ ༢༠༠༨ ནས་བཟུང་ད་ལྟ་བར་དུ་གྲོས་ཚོགས་ནང་འཁུར་ཡོང་གི་ཡོད་པ་རེད། དེའི་ཐོག་ནས་བོད་ནང་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་གསལ་པོ་ཆགས་ཀྱི་ཡོད་པ་རེད། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་གང་འདྲ་གནང་གི་ཡོད་དང་མེད་ཀྱི་གནས་ཚུལ་དེའང་གསལ་པོ་ཆགས་ཀྱི་ཡོད་པ་རེད། དེ་དང་མཉམ་དུ་རྒྱ་ནག་གི་འགོ་ཁྲིད་ཚོས་བོད་ནང་གི་ཆབ་སྲིད་ཀྱི་སྲིད་བྱུས་འཛིན་སྟངས་དེར་འགྱུར་བ་གང་འདྲ་གཏོང་དགོས་ཀྱི་ཡོད་དང་མེད། ང་ཚོས་གྲོས་ཆོད་རིམ་པ་འཇོག་གི་ཡོད་པ་རེད། དེ་ཡིན་དུས་དེ་ཚོའི་ཐོག་ལའང་དགོངས་པ་བཞེས་ནས་བགྲོ་གླེང་གི་ཆ་ཤས་བླངས། མཐའ་མ་གཏན་འབེབས་བྱེད་ཐུབ་པ་ཡག་པོ་བྱུང་ཡོད་རེད་ཞུ་རྒྱུ་ཡིན། དེ་བཞིན་དེ་རིང་ཞོགས་པ་སྐར་རྟགས་ཅན་གྱི་དྲི་བ་གཅིག སྐབས་བཅུ་བདུན་པའི་གྲོས་ཚོགས་ནང་ལ་དང་པོ་ཆགས་བསྡད་ཀྱི་ཡོད་པ་རེད། ལོ་གཉིས་དང་ཕྱེད་ཀ་རྫོགས་ཀྱི་ཡོད་པ་རེད། དེ་ཡིན་དུས་དྲི་བ་གཏང་རྒྱུའི་བརྒྱུད་ལམ་མང་པོ་ཡོད་པ་རེད། དེ་ཚོའི་གྲས་སྤྱི་འཐུས་རྣམ་པས་དགོངས་པ་བཞེས་ཀྱི་མི་འདུག་ཞུས་ན་ཏག་ཏག་བསྡད་ཀྱི་ཡོད་ཀྱི་མ་རེད་དེ། ཡིན་ནའང་། ཚོགས་འདུའི་འགྲོ་ལུགས་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ནང་སོ་སོའི་ངོས་ནས་འཁྱེར་ཐུབ་རྒྱུའི་གོ་སྐབས་ག་ཚོད་འདུག དེ་བལྟ་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག རྟག་པར་ལས་རིམ་རྣམ་གཞག་གི་ཐོག་ལ་གསུངས་མ་བསྡད་པར་བརྒྱུད་ལམ་མང་པོ་ཞེ་དྲགས་ཡོད་རེད། དེ་ཡིན་དུས་དེ་ཚོ་ཚང་མ་ང་ཚོས་བེད་སྤྱོད་གཏོང་ཐུབ་ཀྱི་ཡོད་མ་རེད། དེ་ཡིན་དུས་མ་འོངས་པར་དེ་ཚོའི་ཐོག་ལ་དགོངས་པ་བཞེས་ནས་བེད་སྤྱོད་གཏོང་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག་ཞུ་རྒྱུ་ཡིན། ང་ཚོའི་ལས་ཉིན་མང་ཆེ་བ་དེ་རྩིས་ལོ་ ༢༠༢༢་་་༢༣ ནང་གི་ལྷན་ཁང་ཆེ་ཁག་བདུན་གྱི་ཁྱབ་ཁོངས་ཀྱི་ལས་ཁུངས་ཆ་ཚང་བཅས་པའི་ལས་བསྡོམས་འདི་ཆགས་བསྡད་ཡོད་པ་རེད། ལས་བསྡོམས་རྒྱས་པའི་ཐོག་ལ་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་ཞུས་པའི་སྙན་ཐོ་དེ། ང་ཚོས་དེ་རིང་བསྣམས་ཡོད་པ་རེད། ལས་ཉིན་མང་བ་ཞིག་ལས་བསྡོམས་དེ་དག་གི་ཐོག་ལ་བཏང་ཡོད་རེད། རྩ་བའི་བྱས་པ་ཡིན་ན་ང་ཚོས་གྲོས་ཚོགས་ཚོགས་དུས་དྲུག་པ་འདི་འདས་པའི་ལོའི་ནང་དུ་ཉི་མ་གསུམ་ཚོགས་ཡོད་རེད། དེ་རིང་ང་ཚོས་ཉི་མ་བཞི་ཚོགས་ཡོད་རེད། ནམ་རྒྱུན་བཤད་སྲོལ་ལ་སྔོན་རྩིས་གྲོས་ཚོགས་དང་ལས་བསྡོམས་གྲོས་ཚོགས་བཤད་ཀྱི་ཡོད་རེད། ལས་བསྡོམས་གྲོས་ཚོགས་སྐབས་སུ་རྒྱུན་ལྡན་ཡིན་ན། ལས་ཉིན་ ༩ དང་ ༡༠ དེ་འདྲ་གཏན་འབེབས་བྱེད་ཀྱི་ཡོད་རེད། ཡིན་ནའང་། དེ་རིང་ང་ཚོ་གནས་བབ་ཅིག་གི་ཐོག་ནས་ལས་ཉིན་ ༧ ཆགས་ཡོད་རེད། དེར་བརྟེན་བཀུར་འོས་སྤྱི་འཐུས་རྣམ་པ་ཚོས་བགྲོ་གླེང་ཆ་ཤས་བཞེས་ཕྱོགས་དེ་དག་ལ་ང་ཚོས་སྟངས་འཛིན་གནང་དགོས་པའི་གནས་བབ་དེ་འདྲ་བྱུང་སོང་བས་དགོངས་འགལ་མེད་པ་ཞུ་རྒྱུ་ཡིན། ང་ཚོའི་ལས་རིམ་འདི་ཚར་དགོས་ཀྱི་ཡོད་དུས་སྟངས་འཛིན་མ་བྱས་ན་འགྲིག་གི་མི་འདུག སྤྱི་ཡོངས་ཀྱི་བསམ་བློ་དང་མཐུན་པའི་ཐོག་འགྲོ་དགོས་ཀྱི་ཡོད་དུས་དེ་ཚོའི་ཐོག་ལའང་དགོངས་པ་བཞེས་རོགས་གནང་ཞུ་རྒྱུ་ཡིན། སྤྱི་ཡོངས་ཀྱི་ཐོག་ལས་བསྡོམས་ཐོག་ལ་བགྲོ་གླེང་དང་ལན་འདེབས་གསལ་བཤད་དེའི་ཐོག་ནས་ང་ཚོས་མཁྱེན་ཐུབ་རྒྱུ་དེ། བོད་མིའི་སྤྱི་ཚོགས་ཀྱི་བདེ་དོན་གཟིགས་སྐྱོང་གནས་བབ་དེ་གང་འདྲ་འདུག དེ་བཞིན་འཛིན་སྐྱོང་ལས་ཁུངས་དབུས་དང་ས་གནས་ཀྱི་འཛིན་སྐྱོང་གི་ལས་དོན་གནང་ཕྱོགས་གང་འདྲ་འདུག བོད་མིའི་བདེ་དོན་འཐབ་རྩོད་ཀྱི་ཐོག་ལ་ལས་འགུལ་ག་རེ་སྤེལ་གྱི་འདུག དེ་གསུམ་གྱི་ཐོག་ནས་ང་ཚོས་མཁྱེན་ཐུབ་རྒྱུ་ཞིག་རེད། དེ་ཚོའི་ཐོག་ལ་བཀུར་འོས་སྤྱི་འཐུས་རྣམ་པས་དགོངས་ཚུལ་དང་། དོགས་འདྲི། ལེགས་སྤེལ་ཉེན་འགོག་གི་དགོངས་ཚུལ་སྤུང་ཡོད་རེད། འཛིན་སྐྱོང་བཀའ་ཤག་གི་ཐོག་ནས་ཀྱང་ལས་འཆར་གྱི་སྲིད་བྱུས་འཛིན་སྟངས་དང་། ལས་འཆར་འདིང་སྟངས་ཀྱི་འཆར་གཞི་དེ་འདྲའི་ཐོག་ནས་གསལ་བཤད་ཕེབས་ཡོད་རེད། དེ་འདྲའི་ཐོག་ནས་མ་འོངས་པར་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ཐོག་ལ་ཏན་ཏན་གྱིས་ཐུགས་ཕན་གསོས་ཡོད་རེད་བསམ་གྱི་འདུག གལ་ཆེ་བ་ཞིག་ལ་ཕྱག་ལས་གནང་མཁན་དེ་སྲི་ཞུའི་ལས་བྱེད་པ་རྣམས་ཆགས་བསྡད་ཡོད་པ་རེད། ལས་བྱེད་རྣམ་པས་ཀྱང་གྲོས་ཚོགས་ལ་ཐུགས་སྣང་གནང་དགོས་ཀྱི་ཡོད་རེད། དེ་འདྲའི་བགྲོ་གླེང་དང་གསལ་བཤད་ནན་ཏན་གྱི་ཐོག་ནས་མ་འོངས་པར་ལས་དོན་བྱེད་ཕྱོགས་ལ་ཚགས་ཚུད་པོ་ཡོང་རྒྱུར་ཏན་ཏན་གྱིས་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་རེད་ཞུ་རྒྱུ་ཡིན། ཁ་ཤས་ཀྱི་དགོངས་ཚུལ་ཞིག་ལ་གྲོས་ཚོགས་དང་འཛིན་སྐྱོང་གི་ལས་དོན་ཁག་ཁག་ཡིན་པའི་བསམ་བློ་གཏོང་མཁན་འདུག རྩ་བའི་ང་ཚོའི་མང་གཙོ་ཀ་བ་གསུམ་གྱི་ལས་དོན་བྱེད་ཕྱོགས་དེ་ལྗིད་མཉམ་སྟངས་འཛིན་ཞིག་ཡོད་རེད། ལྷག་པར་དུ་གྲོས་ཚོགས་དང་བཀའ་ཤག་གཉིས་ཀྱི་ལས་དོན་དེ་ཉི་མ་ཉི་མར་འབྲེལ་བ་ཡོད་རེད། གྲོས་ཚོགས་ཀྱི་ལས་དོན་དེ་ལ་བཀའ་ཤག་གི་མཐུན་འགྱུར་མེད་ན་ཡོང་མ་ཐུབ་པའི་གནས་སྟངས་ཆགས་བསྡད་ཡོད་རེད་ལ། བཀའ་ཤག་གི་ལས་དོན་ལའང་གྲོས་ཚོགས་ཀྱི་ཐག་ཆོད་མེད་པ་ཡིན་ན་འགྲོ་མ་ཐུབ་པའི་གནས་སྟངས་ཆགས་ཡོད་རེད། སྒོར་མོ་གཅིག་ཡིན་ཀྱང་གྲོས་ཚོགས་དང་ཡང་ན་རྒྱུན་ལས་ཀྱི་ཐོག་ནས་བཀའ་འཁྲོལ་ཐོབ་སྟེ་ལས་འཆར་རྩོམ་དགོས་ཀྱི་ཡོད་པ་རེད། དེ་ནི་ལག་པ་གཉིས་ལྟ་བུ་ཆགས་ཡོད་དུས་མ་འོངས་པར་སུས་སྡིངས་ཆ་ག་པར་བཀའ་མོལ་ག་རེ་གསུངས་པ་ཡིན་ནའང་། གང་ལྟར་གྲོས་ཚོགས་དང་འཛིན་སྐྱོང་ལ་བསམ་ཚུལ་མ་ཆགས་པར་དངོས་ཡོད་གང་ཡིན་པ་གསུང་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག་ཞུ་རྒྱུ་ཡིན། ངས་རྣམ་པ་ཚོར་དུས་ཚོད་ཐུང་དུ་གཏོང་རོགས་ཞེས་ཞུས་ནས་འདིར་ངས་མང་པོ་ཞུ་བསྡད་ན་ཏག་ཏག་ཅིག་བསྡད་ཀྱི་མི་འདུག དེ་ཡིན་དུས་ལས་རིམ་ནང་དུ་ཆ་ཤས་བཞེས་ཕྱོགས་ལྟ་བུ་ཡིན་ན། ཏོག་ཙམ་ཡར་རྒྱས་ཡོང་གི་རེད་བསམས་སོང་སྟེ། བསྔགས་བརྗོད་ཞུ་ཐུབ་པའི་ཡར་རྒྱས་དེ་ཡོང་གི་མི་འདུག དེ་དངོས་གནས་དགོངས་པ་བཞེས་དགོས་པ་ཞིག་ཆགས་ཀྱི་འདུག གྲོས་ཚོགས་ནང་དུ་བཀའ་མོལ་གསུང་ཕྱོགས་ཡིན་ནའང་ཚོད་དཔག་གི་རྣམ་པ་ཤུགས་ཆེན་པོ་ཡོང་གི་ཡོད་པ་དང་། འཛིན་སྐྱོང་གི་ཐོག་ནས་ཡིན་ནའང་ཁུངས་སྐྱེལ་ར་སྤྲོད་ཁུར་ཤོག་ཅེས་རྟག་པར་ཡང་ཡང་གསུང་གི་འདུག་པཱ། རྩ་བའི་གྲོས་ཚོགས་ནང་དུའང་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ནང་དུ་མིང་འབོད་ཞུ་མི་ཆོག་པའི་སྒྲིག་གཞི་ཞིག་ཡོད་པ་རེད། གྲོས་ཚོགས་ཀྱི་ཚོགས་མི་རྣམ་པ་ཟེར་དུས་འཛིན་སྐྱོང་བཀའ་ཤག་དང་གྲོས་ཚོགས་འཐུས་མི་ཆ་ཚང་ཚུད་ཀྱི་ཡོད་རེད། དེ་བཞིན་ཟུར་ཉན་ཡོད་ན་ཟུར་ཉན་རྣམ་པ། དེ་བཞིན་ལས་བྱེད་བཅས་འདི་གསུམ་རེད། རྩ་བ་ཉིད་ནས་མིང་འབོད་ཞུ་མི་ཆོག་པའང་མ་རེད། ཚོགས་གཙོ་ལ་བཀའ་འཁྲོལ་ཞུས་ན་མིང་འབོད་ཞུ་ཆོག་གི་ཡོད་རེད། དེ་འདྲའི་ཐོག་ལ་ཁ་གསལ་པོ་བཟོ་དགོས་པའི་གནས་བབ་ཆགས་ཀྱི་ཡོད་ན་དེ་འདྲའི་གོ་སྐབས་དེ་ལེན་ཆོག་གི་ཡོད་རེད། མ་འོངས་པར་དེའི་ཐོག་ལ་དགོངས་ཚུལ་གསུང་དུས་དགོངས་པ་བཞེས་དགོས་པ་དེ་གལ་ཆེན་པོ་ཆགས་ཀྱི་འདུག་ཞུ་རྒྱུ་ཡིན། དེ་བཞིན་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ཐོག་ལ་ཡིན་ནའང་། ད་ལྟ་བར་དུ་ཡག་ཐག་ཆོད་ཡོད་རེད། འདི་ངའི་བསམ་ཚུལ་ཙམ་ཡིན། མ་འོངས་པར་དབུས་དང་ས་གནས་སུ་ལས་དོན་བྱེད་ཕྱོགས་དང་། དབུས་ལ་ཡིན་ན་ལྷན་ཁང་ཆེ་ཁག་བདུན་ཡོད་རེད། དེ་དག་གི་ལས་དོན་བྱེད་ཕྱོགས་མི་འདྲ་བ་ཡོད་རེད། ས་གནས་སུ་གལ་ཏེ་ལས་འགན་དེ་འདྲ་གནང་དགོས་ཀྱི་ཡོད་ན། དབུས་ཀྱི་ལྷན་ཁང་གང་དང་འབྲེལ་བ་ཆགས་ཀྱི་འདུག གནས་སྟངས་ག་པར་ཆགས་ཀྱི་འདུག དེ་ཚོའི་གྲས་ལམ་སྟོན་གསལ་པོ་ཡོད་ན་བར་དུ་འཁྲུག་མི་ཐེབས་པའི་གནས་སྟངས་ཤིག་ཆགས་ཀྱི་འདུག་པཱ། ཇི་ཙམ་གྱིས་བར་དུ་འཁྲུག་ཐེབས་དུས་དེ་ཙམ་གྱིས་རྣམ་རྟོག་ཤུགས་ཆེ་རུ་ཆགས། སྤྱི་ཡོངས་ཀྱི་བཟང་ཕྱོགས་ཐོག་ཞེ་དྲགས་ཀྱི་བསམ་བློ་གཏོང་མི་ཐུབ་དུས། སོ་སོ་སྒེར་གྱི་བསམ་ཚུལ་དེ་གཙོ་བོར་རྩིས་དུས་སྤྱི་ཚོགས་དང་གྲོས་ཚོགས་ར་བའི་ནང་དུའང་དཀའ་ངལ་དེ་ཡོང་བསྡད་ཀྱི་འདུག ས་གནས་ཀྱི་ལས་བྱེད་ཡིན་ནའང་འདྲ། དབུས་ཀྱི་ལས་བྱེད་ཡིན་ནའང་འདྲ། འགྲོ་སྟངས་དེ་ཚད་དང་ལྡན་པ་ཞིག་ཡོང་རྒྱུ་གལ་ཆེན་པོ་རེད་འདུག་ཞུ་རྒྱུ་ཡིན།
​དེ་མཚུངས་སྤྱི་འཐུས་ཤིག་ལ་གྲོས་ཚོགས་ནང་དུ་གནས་ཚུལ་ཞུ་དགོས་པ་ཡིན་ན། དེ་རྒྱུ་མཚན་ཁུངས་ལུང་དང་ལྡན་པའི་ཐོག་ནས་གསལ་པོ་དགོས་པ། དེ་བཞིན་གསུང་མཁན་ཡོད་ནའང་རྒྱུ་མཚན་ཁུངས་ལུང་དང་བཅས་པ་གསུངས་པ་ཡིན་ན་གནས་ཚུལ་དེ་གསལ་པོ་ཆགས་ཀྱི་རེད། དེར་སྒྲོ་བཏགས་པ་དང་སྐུར་འདེབས་ཀྱི་རྣམ་པ་ཡོང་གི་མ་རེད། དེར་བརྟེན་མ་འོངས་པར་གྲོས་ཚོགས་ནང་ཆ་ཤས་བཞེས་ཕྱོགས་ཐོག་ཚང་མས་སྤྱི་ཡོངས་ཀྱི་དགོངས་པ་བཞེས་ཐུབ་དགོས་པ་ཞིག་དང་། གྲོས་ཚོགས་ཀྱི་སྡིངས་ཆ་འདི་གཙོ་བོ་བོད་སྤྱི་པ་ཟེར་ནའང་མི་འདུག བོད་མི་ས་ཡ་དྲུག་གི་བདེ་དོན་གྱི་གནས་བབ་དང་འབྲེལ་བ་ཆགས་སྟབས། འདིའི་ནང་གླེང་སློང་ག་རེ་གནང་བ་ཡིན་ནའང་། བོད་སྤྱི་པའི་ཆེད་དུ་རྩ་དོན་ཡིན་ནའང་འདྲ། འཛིན་སྐྱོང་ཡིན་ནའང་འདྲ། ལས་དོན་གང་ཅིའི་ཐོག་ནས་ཐུགས་ཕན་གསོ་བ་ཞིག་ཡོང་ཐུབ་རྒྱུའི་ཐོག་དགོངས་པ་བཞེས་རྒྱུ་དེ་གལ་ཆེན་པོ་རེད་འདུག གྲོས་ཚོགས་ནང་སོ་སོའི་རྣམ་འགྱུར་དང་བློ་ཁོག་ངོམས་ས་ཞིག་མ་རེད། མི་ཟེར་བ་དེ་སོ་སོའི་གནས་བབ་གཅིག་ལ་ཐུག་པ་ཡིན་ན། སུ་ལ་ཡིན་ནའང་བསམ་བློ་ཞིག་གཏང་ས་ཡོད་རེད་པཱ། གྲོས་ཚོགས་ནང་གཙོ་བོ་སོ་སོའི་རྣམ་དཔྱོད་སྟོན་ས་རེད། བློ་གྲོས་སྟོན་ས་ཆགས་བསྡད་ཡོད་རེད། རྒྱུ་མཚན་སྟོན་ས་ཆགས་ཀྱི་ཡོད་རེད། འཛིན་སྐྱོང་ལ་ཡིན་ནའང་ཐུགས་ཕན་གསོས་ཀྱི་རེད་ལ་སྤྱི་ཚོགས་ལ་ཡིན་ནའང་ཐུགས་ཕན་གསོས་ཀྱི་རེད། སྒེར་སོ་སོའི་ངོས་ནས་ལས་དོན་བྱེད་པའི་རིང་ལ་དེ་འདྲ་གཅིག་བྱེད་ཡོད་བསམ་བསམ་གྱི་བག་ཆགས་བཟང་པོ་ཞིག་བཞག་གི་རེད། སོང་ཙང་འདི་ཚོའི་ཐོག་ལ་མ་འོངས་པར་དགོངས་པ་རྒྱ་ཆེ་ས་ནས་བཞེས་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད་འདུག
​དེ་རིང་ང་ཚོ་གྲོས་ཚོགས་ཚོགས་དུས་དྲུག་པའི་ཐོག་ལ་བཀུར་འོས་སྤྱི་འཐུས་རྣམ་པས་དགོངས་ཚུལ་གསུངས་པ་རེད། དེ་བཞིན་འཛིན་སྐྱོང་ངོས་ནས་ལན་འདེབས་གསལ་བཤད་རེད། སྤྱི་ཡོངས་ཀྱི་ཐོག་ནས་ལས་དོན་དེ་ཡག་པོ་ཞིག་ཕྱིན་སོང་། དེར་བརྟེན་བཀུར་འོས་སྤྱི་འཐུས་རྣམ་པ་རེད། འཛིན་སྐྱོང་ཚང་མ་ལ་ཚོགས་གཙོ་གཉིས་ཀྱི་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
​ཚོགས་དུས་དྲུག་པའི་མཇུག་སྐྱོང་སྐབས་སུ་གཙོ་བོ་ཚོགས་དྲུང་ལས་ཁུངས་ཀྱི་ཚོགས་དྲུང་གཙོས་པའི་ལས་བྱེད་ཆགས་བསྡད་ཡོད་རེད། སྔོན་མ་དེ་འདྲ་གསུང་སྲོལ་ཞིག་ཡོད་རེེད། དྷ་རམ་ས་ལ་རུ་གྲོས་ཚོགས་འཚོགས་པའི་རིང་ལ་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་རྣམས་བྲེལ་བ་ཚ་ཤོས་ཤིག་ཆགས་བསྡད་ཡོད་རེད། ཞོགས་པ་སྔ་པོ་ཡོང་དགོས་ཀྱི་ཡོད་རེད་ལ་དགོང་དྲོ་ཕྱི་པོ་བསྡད་དགོས་ཀྱི་ཡོད་རེད། དེ་ཡིན་དུས་ཚོགས་དྲུང་གཙོས་པའི་འབྲེལ་ཡོད་ལས་བྱེད་ཚང་མས་མཐུན་འགྱུར་དང་ལས་དོན་ཞུ་ཕྱོགས་ཐད་ལ་ཡག་པོ་གནང་སོང་། དེ་བཞིན་བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་རྣམ་པ་ཡིན་ནའང་ཕྱི་མི་ལྟ་རྟོག་བྱེད་རྒྱུ་དང་དེ་ཡི་ཐོག་ནས་ཞོགས་པ་སྔ་པོ་ཕྱག་ཚོད་ ༨ པ་ནས་དགོང་མོ་གྲོས་ཚོགས་མ་གྲོལ་བར་དུ་ཕྱི་ནང་གཉིས་སུ་བཞུགས་བསྡད་ཀྱི་ཡོད་རེད། དེ་ཚོའི་ཐོག་ལའང་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་བཞིན་གྲོས་ཚོགས་འདི་ཐད་གཏོང་གནང་དགོས་ཀྱི་ཡོད་རེད། ཚང་མས་མཁྱེན་རྟོགས་ཡོང་སླད་ཕྱི་དྲིལ་སྒྲ་བརྙན་སྡེ་ཚན་གྱི་ཐོག་ནས་ཐད་གཏོང་གནང་གི་ཡོད་རེད། དེ་ཕྱི་དྲིལ་ལས་ཁུངས་ཀྱི་མཐུན་འགྱུར་ལ་བརྟེན་པ་ཡིན་དུས་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་མཚམས་རེ་གློག་གི་དཀའ་ངལ་ཡོང་དུས་ནང་སྲིད་ས་ཁང་ནས་ཆེད་མངགས་གློག་བཟོ་མཁན་གཏང་རྒྱུའི་མཐུན་འགྱུར་སྦྱར་གནང་གི་ཡོད་རེད། ང་ཚོ་དུས་རྒྱུན་གྲོས་ཚོགས་ཀྱི་ལས་རིམ་གསར་ཤོག་ཕབ་སྒྱུར་དེ་ས་རཱའི་སློབ་ཕྲུག་ཚོ་ཕེབས་བསྡད་ཀྱི་ཡོད་རེད། ད་ལྟའི་དུས་ཚོད་ལ་ས་རཱའི་སློབ་ཕྲུག་རྣམས་ཡིག་ཚད་འཁེལ་བའི་སྐབས་ཡིན་དུས། ཁ་སེང་བཀའ་ཤག་ལ་འབོད་བསྐུལ་ཞུས་པ་གཞིར་བཟུང་ལྷན་ཁང་ཁག་ནས་བོད་ཡིག་དྲག་གྲས་ཟེར་ནའང་མི་འདུག ལས་བྱེད་གོ་ཆོད་པ་གཏོང་རོགས་གནོངས་ཞུས་པས་དེ་ནང་བཞིན་གྱིས་འཛིན་སྐྱོང་གི་དྲུང་ཆེ་སོ་སོའི་ངོས་ནས་ལས་བྱེད་ཆེད་མངགས་བཏང་གནང་བ་རྣམ་པ་ཚོས་མཁྱེན་གྱི་ཡོད་རེད། འདིར་བཀའ་མོལ་གསུངས་བ་རྣམས་ཕབ་མཁན་ལས་བྱེད་ཆགས་བསྡད་ཡོད་རེད། དེ་ཡིན་དུས་དེ་ཚོའི་ཐོག་ལ་ཡིན་ནའང་མཐུན་འགྱུར་ཡག་པོ་བྱུང་སོང་། སོང་ཙང་གོང་དུ་ཞུས་པ་ཚང་མར་དམིགས་བསལ་གྱིས་ཚོགས་གཙོ་གཉིས་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་ང་ཚོའི་གྲོས་ཚོགས་ཚོགས་དུས་དྲུག་པ་དེ་གྲོལ་འགྲོ་ཡི་ཡོད་རེད། ཡིན་ནའང་། ཕྱི་ཚེས་ ༡༨ ཉིན་གྲོས་ཚོགས་ཚོགས་དུས་བདུན་པ་སྔོན་རྩིས་གྲོས་ཚོགས་བསྐྱར་དུ་འཚོགས་རྒྱུའི་གོ་སྐབས་ཡོང་གི་ཡོད་རེད། སྐབས་དེ་དུས་ང་ཚོ་ལྷན་འཛོམས་ཡོང་གི་རེད་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་དགོངས་བཞེད་ལྷུན་གྱིས་འགྲུབ་པ་དང་བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།།