༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་ཕྱི་མའི་ནང་མང་ཚོགས་ལ་ཆབ་སྲིད་ལམ་སྟོན་དང་། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་། སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག་རྣམ་གཉིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་ཕྱོགས་བསྐྱོད་གནང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༨ སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བཙུན་དགོན་བྱང་ཆུབ་ཆོས་གླིང་དུ་ཞབས་སོར་འཁོད་སྐབས་མཁན་རིན་པོ་ཆེ་མཆོག་དང་། ཕྱག་མཛོད་རྣམ་གཉིས་ཀྱིས་ཕེབས་བསུ་ཞུས་རྗེས་དགོན་པའི་ཚོགས་ཁང་དུ་མཆོད་མཇལ་དང་། མཁན་རིན་པོ་ཆེ་མཆོག་གིས་དགོན་པའི་བྱེད་སྒོ་རྣམ་གཞག་རྣམས་སྙན་སྒྲོན་ཞུས་ཤིང་སྤྱི་འཐུས་རྣམ་གཉིས་ཀྱིས་སྐབས་བསྟུན་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་ཕྱོགས་ཀྱི་ལམ་སྟོན་སོགས་གནང་།
དེ་རྗེས་སྤྱན་རས་གཟིགས་སློབ་གླིང་དུ་གཟིགས་སྐོར་དང་ལས་སྣེ་བ་གཉིས་ནས་སློབ་གྲྭའི་སྐོར་ངོ་སྤྲོད་ཞུས་ཏེ་སློབ་གྲྭའི་སྡེ་ཁག་རྣམས་སུ་གཟིགས་སྐོར་གནང་། དེ་མཚམས་དཔལ་ས་སྐྱ་བརྩེ་ཆེན་དམ་ཆོས་གླིང་དུ་ཕེབས་སྐབས་ཕྱག་མཛོད་ལགས་ནས་ཕེབས་བསུ་དང་དགོན་པར་མཆོད་མཇལ། དགོན་པའི་གནས་སྟངས་རྒྱུས་ལོན་བཅས་ཞུས། དེ་རྗེས་སྔ་འགྱུར་རྙིང་མའི་དགོན་པར་ཕེབས་གནང་སྐབས་མཁན་རིན་པོ་ཆེ་མཆོག་དང་ལས་སྣེ་བཅས་ནས་ཕེབས་བསུ་ཞུས་མཚམས་དགོན་པར་མཆོད་མཇལ་ཞུས།
ཆུ་ཚོད་ ༡༡།༠༠ ཙམ་གྱི་ཐོག་དཔལ་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཞབས་སོར་འཁོད་སྐབས་ཕྱག་མཛོད་རྣམ་པ་གཉིས་ནས་ཕེབས་བསུ་དང་གཙུག་ལག་ཁང་ཆེན་མོའི་རྟེན་དང་བརྟེན་པར་མཆོད་མཇལ་ཞུས་མཚམས་ཕྱག་མཛོད་ཁང་དུ་གསོལ་ཇ་བཞེས་ཏོག་འདེགས་འབུལ་ཐོག་ཐུགས་རྗེ་ལེགས་འབུལ་གྱི་ཕྱག་རྟགས་བསྩལ་གནང་མཛད།
དེ་རྗེས་དཔལ་དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཞབས་སོར་འཁོད་སྐབས་ཕྱག་མཛོད་རྣམ་པ་གཉིས་ནས་ཕེབས་བསུ་དང་། གཙུག་ལག་ཁང་ཆེན་གྱི་ནང་རྟེན་ལ་དམིགས་བསལ་མཇལ་ཁ་ཞུས་མཚམས་ལྷ་མོ་ཁང་དུ་༸གོང་ས་མཆོག་གིས་རབ་གནས་དང་བྱིན་གྱིས་རླབས་པའི་ལྷ་མོའི་སྐུ་རྟེན་སོགས་ལ་མཇལ་ཁ་ཞུས། ཕྱག་མཛོད་ཁང་དུ་གདན་ཞུས་ཀྱིས་ཕྱག་རྟགས་སོགས་བསྩལ་གནང་མཛད།
ཆུ་ཚོད་ ༡༢།༠༠ ཐོག་ཤར་རྒྱལ་བ་ཙོང་ཁ་པ་ཆེན་མོའི་གདན་ས་འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་བླ་སྤྱིར་ཞབས་སོར་འཁོད་སྐབས་ཕྱག་མཛོད་རྣམ་པ་གཉིས་ཀྱིས་ཕེབས་བསུ་དང་བཅས། གཙུག་ལག་ཁང་ཆེན་མོའི་ནང་མཆོད་མཇལ་ཞུས་མཚམས་གསོལ་ཚིགས་འདེགས་འབུལ་དང་། ཕྱག་མཛོད་ཁང་ནས་ཐུགས་རྗེ་ལེགས་འབུལ་ཆེད་རྗེ་ཙོང་ཁ་པ་ཆེན་མོའི་སྐུ་བརྙན་འབུལ་ལམ་ཞུས།
ཕྱི་དྲོ་ཆུ་ཚོད་ ༢།༡༥ ནས་ ༤།༠༠ བར་དགའ་ལྡན་བླ་སྤྱིའི་ཚོགས་ཁང་དུ་དགེ་འདུན་མང་ཚོགས་ལ་སྤྱི་འཐུས་རྣམ་པ་གཉིས་ཀྱིས་བཀའ་སློབ་ལམ་སྟོན་ཞིབ་ཕྲ་གནང་བ་དང་། དྲི་བ་དྲིས་ལན་ཁ་གསལ་གནང་།
དེ་རྗེས་ཤར་རྗེ་གྲྭ་ཚང་གི་ཆོས་རར་ཞབས་སོར་འཁོད་སྐབས་སློབ་སྤྱི་ལགས་དང་དྲུང་ཡིག་བཅས་ནས་ཕེབས་བསུ་ཞུས་མཚམས། ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་སློབ་ཕྲུག་སྔོན་འགྲོ་ནས་འཛིན་གྲྭ་ལྔ་པ་བར་ལ་ཟླ་གསུམ་ཡིག་གཟུགས་ཀྱི་འབྲི་རྒྱུགས་གཏོང་བཞིན་པར་གཟིགས་སྐོར་དང་སློབ་སྤྱི་ལགས་ནས་འགྲེལ་བརྗོད་ཞིབ་ཕྲ་གནང་།
སྐབས་དེའི་དྲི་ཤོག་ཁག་དང་། དགའ་ཤར་སློབ་གྲྭའི་དུས་དེབ་ཤེས་རབ་ཀྱི་འོད་སྣང་། བྱམས་བརྩེའི་འོད་སྣང་། སྔོན་འགྲོའི་བོད་ཀྱི་སྐད་ཡིག་སློབ་དེབ། རི་མོའི་ལམ་ནས་དག་ཡིག་སློབ་དེབ་བཅས་འབུལ་ལམ་ཞུས། འདི་ཉིན་ས་གནས་འགོ་འཛིན་དང་ས་འཐུས་ཚོགས་གཙོ་ལྷན་བཅར་ཞུས་ཡོད།
༢༠༢༥ ཟླ་ ༤ ཚེས་ ༩ སྔ་དྲོ་ཆུ་ཚོད་ ༩།༤༠ ནས་ཉིན་གུང་ཆུ་ཚོད་ ༡།༡༥ བར་མོན་གྷོ་འདོད་རྒུ་གླིང་གི་མི་མང་ཚོགས་ཁང་ཆེན་མོར་གཞིས་ཁོངས་ཀྱི་ལས་སྣེ་རྣམས་དང་། རྒྱ་ཆེའི་མི་མང་འདུ་འཛོམས་སར་ས་གནས་འགོ་འཛིན་ནས་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་དང་།
སྤྱི་འཐུས་གཉིས་ནས་བླང་དོར་ལམ་སྟོན་གྱི་བཀའ་སློབ་ཁ་གསལ་གོ་བདེ། གནད་ལ་སྨིན་པ་གནང་བ་མ་ཟད་དྲི་བ་དྲིས་ལན་གྱི་དུས་ཚོད་འདང་ངེས་ཕུལ་རྗེས་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་ལེགས་པར་གྲུབ།
དགོང་མོ་ཆུ་ཚོད་ ༧།༣༠ ཐོག་མོན་གྷོ་འདོད་རྒུ་གླིང་གི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ ༢༦ ནས་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ལ་ཐུགས་རྗེ་ལེགས་འབུལ་གྱི་གཏང་རག་དགོང་ཚིགས་འདེགས་འབུལ་དང་ཕྱག་རྟགས་བཅས་ཕུལ་སྐབས་སླར་ཡང་སྤྱི་འཐུས་རྣམ་གཉིས་ནས་ལས་ཀྱི་སྣེ་མོ་རྣམས་ཀྱིས་སྤྱི་པའི་འགན་ཁུར་གནང་ཕྱོགས་སོགས་བླང་དོར་བཀའ་སློབ་གནང་སྟེ་མོན་གྷོ་འདོད་རྒུ་གླིང་དུ་སྤྱི་འཐུས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཡོངས་རྫོགས་ལེགས་གྲུབ་བྱུང་ཡོད་པ་བཅས།