མཚུངས་མེད་ཤར་པ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་ངག་དབང་འབྱོར་ལྡན་དཔལ་བཟང་པོ་མཆོག་བཞུགས་སྒར་དུ་སྨན་བླའི་སྒྲུབ་མཆོད་ཆེན་མོའི་སླད་ཆིབས་བསྒྱུར་གནང་སྐབས་བོད་མི་མང་དགེ་ལུགས་སྤྱི་འཐུས་རྣམ་པ་གཉིས་ནས་ཕེབས་བསུ་སྣེ་ལེན་ཞུས་པ།

༄༅། ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཚུངས་མེད་ཤར་པ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་ངག་དབང་འབྱོར་ལྡན་དཔལ་བཟང་པོ་མཆོག་ཤར་པ་ཆོས་རྗེར་ཕྱག་རྟགས་སྩལ་གནང་མཛད་པའི་རྗེས་ལ། བཞུགས་སྒར་དུ་ཐེངས་དང་པོར་ཆིབས་བསྒྱུར་གནང་སྐབས། བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་རྣམ་གཉིས་ནས་གཞུང་འབྲེལ་ཐོག་གྷ་གྷལ་གནམ་ཐང་དུ་ཕེབས་བསུར་བཅར་ཡོད། གཞན་ཡང་སྐབས་དེར་ཕེབས་བསུར་བཅར་མཁན་སེར་སྨད་གྲྭ་ཚང་གི་ཕྱག་མཛོད་དང་། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་ཕྱག་མཛོད། རྡ་སར་ཡོད་པའི་དགོན་སྡེ་ཁག་གི་ཕྱག་མཛོད་སོགས་ཕེབས་ཡོད་འདུག


གཞི་རྩའི་སེར་སྨད་ཐོས་བསམ་གླིང་གྲྭ་ཚང་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་གོ་སྟོན་སྲུང་བརྩི་སླད་ཕྱི་ལོ་ ༢༠༢༥ ཟླ་ ༦ པའི་ཚེས་ ༡༥ ནས་ ༡༧ བར་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐུ་ཕྱྭའི་ཞབས་རིམ་དུ་སྨན་བླའི་སྒྲུབ་མཆོད་ཆེན་མོ་འཚོགས་བཞིན་ཡོད་པ་དང་། མཚུངས་མེད་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་དང་། སེར་སྨད་སྐྱབས་གནས་མཁན་རིན་པོ་ཆེ་མཆོག་རྣམ་གཉིས་དབུས་པའི་རྒྱལ་སྲས་བླ་སྤྲུལ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ ༡༡༣ ཆེད་དུ་བཞུགས་སྒར་རྡ་རམ་ས་ལར་སྨན་བླའི་སྒྲུབ་མཆོད་ཆེན་མོའི་སླད་ཕེབས་འདུག


སྨན་བླའི་སྒྲུབ་མཆོད་ཆེན་མོ་དེ་བཞིན་བོད་བཙན་པོའི་དུས་སྐབས་སུ་མཁན་སློབ་ཆོས་གསུམ་གདན་འཛོམས་པའི་དུས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ་སྙུན་གཞི་བཞེས་བར། དེའི་ཞབས་རིམ་དུ་མཁན་ཆེན་ཞི་བ་འཚོ་ཡིས་སྨན་བླའི་སྒྲུབ་མཆོད་ཆེན་མོ་ཚོགས་པས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྙུན་གཞི་སངས་དྲག་ཕྱིན་ཞིང་། དུས་དེ་ནས་བཟུང་སྟེ་བཙན་པོ་རིམ་བྱོན་གྱིས་སྨན་བླའི་སྒྲུབ་མཆོད་ཆེན་མོ་ཆད་མེད་ཚོགས་སྲོལ་ཡོད་པ་དང་། དེ་ཡང་དུས་རབས་བཅོ་བརྒྱད་པའི་ནང་སེར་སྨད་མཁན་ཐོག་སོ་བདུན་པ་མཁན་ཆེན་བློ་བཟང་དོན་གྲུབ་མཆོག་གི་སྐབས་སུ། རྟགས་དང་རྟེན་འབྲེལ་དུ་མའི་སྒོ་ནས་བཙན་པོའི་སྐབས་ནས་བརྒྱུད་ནས་ཡོང་བའི་སྨན་བླའི་སྒྲུབ་མཆོད་ཆེན་མོ་ཚོགས་ཡུལ་བསམ་ཡས་ཉི་མ་ལྷ་ཁང་གི་རྟེན་གཙོ་ཐུབ་དབང་གྲོང་ཁྱེར་མའམ་ཐུབ་པ་ཚུལ་ཁྲིམས་མ་དང་། དེའི་རྗེས་སུ་འབྲངས་བའི་སྤྲུལ་བའི་ཆོས་རྒྱལ་ཆེན་པོ་ཐ་འོག་གཉིས་སེར་སྨད་གྲྭ་ཚང་དུ་གདན་དྲངས་པ་དང་། དེ་ནས་བཟུང་སེར་སྨད་གྲྭ་ཚང་ནས་ལོ་ལྟར་བོད་ཟླ་བརྒྱད་པའི་ནང་སྨན་བླའི་སྒྲུབ་མཆོད་ཆེན་མོ་འཚོགས་ཀྱི་ཡོད་ཅིང་། ད་བར་རྒྱུན་མ་ཆད་པར་ལོ་ ༢༦༣ རིང་ཚོགས་ཡོད་པ། ལྷག་པར་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུའི་སྐྱེ་བར་ཞལ་གྱིས་བཞེས་གནང་མཛད་ཡོད་པ་ལྟར། རྟགས་དང་རྟེན་འབྲེལ་ཐོག་ནས་སེར་སྨད་གྲྭ་ཚང་ནས་བཞུགས་སྒར་རྡ་རམ་ས་ལར་སྐུའི་གོ་སྟོན་དང་འབྲེལ་སྐུ་ཕྱྭའི་ཞབས་རིམ་དུ་སྨན་བླའི་སྒྲུབ་མཆོད་ཆེན་མོ་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཚོགས་བཞིན་ཡོད་པ་བཅས།