
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༣ པའི་ཚེས་ ༡༡ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཆུ་བཞི་སྒང་དྲུག་དཔའ་བོའི་རྗེས་དྲན་ཚོགས་ཁང་ནང་ཉིན་གྲངས་གསུམ་རིང་གི་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་ཆེན་ཐེངས་ ༢༤ པའི་དབུ་འབྱེད་མཛད་སྒོ་ཚོགས་གནང་ཡོད་འདུག

སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། དམིགས་བསལ་སྐུ་མགྲོན་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་བཀྲ་ཤིས་བདེ་སྐྱིད་ལགས། བོད་མི་མང་སྤྱི་འཐུས་རྣམ་པ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་པདྨ་གྲུབ་དབང་ལགས། སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨཅརྱ་ཡེ་ཤེས་ཕུན་ཚོགས་མཆོག བོད་མི་མང་སྤྱི་ཟུར་ཁག་ཅིག ལྡི་ལི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་། རྩིས་ཞིབ་པ་རྣམ་པ། རང་བདེན་ཚོགས་ཆུང་ཚོགས་གཙོ། དང་སློབ་དམག་ཟུར་ཚོགས་པའི་འགན་འཛིན། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས། སྐབས་ ༢༤ པའི་བདམས་ཐོན་དབུས་རྒྱུན་རྣམ་པ། དགོན་སྡེ་ཁག་གི་ཕྱག་མཛོད་རྣམ་པ། ས་གནས་ཁག་ནས་ཕེབས་པའི་ཚོགས་བཅར་བ་བཅས་ཆེད་ཕེབས་གནང་འདུག

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་སློབ་དཔོན་ཐུབ་བསྟན་རྒྱལ་མཆོག་ནས་ཆུ་བཞི་སྒང་དྲུག་དྲ་ཚིགས་དབུ་འབྱེད་དང་། ཚོགས་ཆེན་མཛད་སྒོ་དང་འབྲེལ་བའི་བཀའ་སློབ་གསུང་བཤད།

དམིགས་བསལ་སྐུ་མགྲོན་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་བཀྲ་ཤིས་བདེ་སྐྱིད་ལགས་ནས་ཉི་མ་ཆོས་སྒྲོན་ལགས་ཀྱིས་བརྩམས་པའི་ ‘མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལོ་རྒྱུས་ THE CHU BZHI SGANG DRUG RESISTANCE MOVEMENT AGAINST THE CHINESE OCCUPATION OF TIBET (JUNE 1958 TO APRIL 1959)’ ཞེས་པ་དབུ་འབྱེད་དང་།

དེ་བཞིན་མདོ་ཁམས་ཆུ་བཞི་སྒང་དྲུག་སྒྲིག་འཛུགས་འདིར་དུས་ཀུན་དཔལ་འབྱོར་གྱི་རྒྱབ་སྐྱོར་གནང་མཁན་དང་། གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་མང་དག་ལ་ལེགས་གསོལ་ཕྱག་རྟགས་ཕྱག་ཁྱེར་ཕུལ་བ་བཅས་ཀྱི་མཛད་སྒོ་ལེགས་གྲུབ་བྱུང་བ་བཅས།



